logo

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་མཐོ་གཅིག་རིམ་པར་བློར་འཛིན་ཆེན་མོའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:རྡོ་རྗེ་འཇིགས་བྱེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-05-23 ཀློག་གྲངས།:

     ཇི་སྐད་དུ་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས།དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། །བརྟེན་ཕྱིར་གཞུང་ཚིག་བློར་འཛིན་མི་བྱེད་པར། །དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། །ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། །དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་། །ཞེས་གསུངས་པ་ལྟར་བློར་འཛིན་ནི་གཞུང་ཆེ་ཆུང་ཐམས་ཅད་ཀྱི་ཐོས་པའི་འཇུག་སྒོ་ལྟ་བུ་ཡིན་པ་ནི་རང་རེའི་སྔོན་གྱི་མཁས་དབང་གནམ་ཀྱིས་ས་བཀབ་པ་ལྟ་བུ་རྣམས་ཀྱི་རྣམ་ཐར་ལས་ཤིན་ཏུ་གསལ་ལ། གཞུང་ཚིག་བློར་འཛིན་མི་བྱེད་པར་གཞུང་ལ་ཐོས་བསམ་བྱེད་པ་ནི་བྱེ་མའི་འཆང་བུ་ལྟར་འགྱུར་ངེས་ཕྱིར་བྱེད་ཐབས་དེ་ནི་དོན་གྱི་གནད་འབྱིན་པ་དང་དཀའ་བའི་གནད་འགྲོལ་བ་ལ་མཆོག་ཏུ་གྱུར་ཅིང་། ལྷག་པར་བློ་གྲོས་ཀྱི་རྩལ་ལྡན་ཞིང་ཤེས་རབ་ཀྱི་བློ་མྱུར་བའི་གཞོན་ནུ་རྣམས་ཀྱིས་ཤེས་བྱའི་གནས་ཐམས་ཅད་ཀྱི་རྨང་འདིང་བའི་དུས་སུ། བློར་འཛིན་གྱི་ཐབས་མཆོག་ལ་བརྟེན་ནས་བསླབ་བྱ་ཚན་ཁག་སོ་སོའི་གཞུང་གི་སྤྱི་བྱེ་ཡི་ཤེས་བྱ་འཕྲེད་གཞུང་གང་དུའང་ནང་བྱན་ཆུབ་པར་བྱ་བ་ནི་ཤིན་ཏུ་གཙིགས་ཆེ་བའི་སློབ་སྦྱོང་གི་གནད་ཅིག་ཡིན་པས། ཉེ་ཆར། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་བོད་ཡིག་ཁྲིད་དཔྱོད་ཁག་གིས་སློབ་གྲོགས་རྣམས་ལ་བློར་འཛིན་གྱི་གལ་ཆེན་རང་བཞིན་གསལ་བོར་ངོ་འཕྲོད་པར་གྱིས་ཏེ་ཁོ་ཚོའི་བློར་འཛིན་གྱི་ནུས་པ་བསྐྱེད་བསྲིང་དང་བོད་སྐད་ཡིག་གི་རྨང་གཞི་སྲ་བརྟན་ཏུ་གཏོང་བ་དང་། སློབ་སྦྱོང་གི་སེམས་ཤུགས་ཇེ་ཆེ་དང་བསླབ་ཕྱིའི་འཚོ་བ་སྤྲོ་སྣང་ལྡན་པར་བྱ་ཕྱིར་བློར་འཛིན་ཆེན་མོའི་བྱ་འགུལ་སྤེལ།

     བློར་འཛིན་གྱི་བྱ་འགུལ་ཆེན་མོ་འདི་ནི་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སྲོལ་རྒྱུན་གྱི་བྱ་འགུལ་གཙོ་བོ་ཞིག་སྟེ། སྔོན་གྱི་ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་གི་སྐབས་ནས་ལོ་རེར་རེས་མོས་ཀྱིས་སྤེལ་ཏེ་རྒྱུན་འཛིན་བྱས་ཤིང་། སློབ་གྲྭ་འདིའི་སློབ་མ་ཞིག་ཡིན་ཕྱིན་ལོ་གསུམ་གྱི་རིང་ལ་སུམ་རྟགས་ཀྱི་རྩ་བ་གཉིས་དང་ལེགས་བཤད་ལྗོན་དབང་། དཀའ་གནད་གསལ་བའི་མེ་ལོང་བཅས་ངེས་པར་དུ་བློར་ཟིན་དགོས་པའི་རེ་བ་ནན་མོ་བཟུང་ཡོད་པར་མ་ཟད། སློབ་གྲོགས་རྣམས་ཀྱིས་ཀྱང་ཕལ་ཆེར་བློར་ཟིན་ཞིང་། དེས་བོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ཁོང་དུ་ཆུད་པར་བོགས་ཆེན་པོ་ཐོན་པར་མ་ཟད། ད་དུང་བསླབ་བྱ་གཞན་དག་གི་གནད་རྣམས་ཇི་བཞིན་རྟོགས་པའི་གྲོགས་དན་དུའང་གྱུར་དང་འགྱུར་བཞིན་ཡོད།
     ཐེངས་འདིའི་བྱ་འགུལ་གྱི་ཁ་གཏོད་ཡུལ་ནི་མཐོ་གཅིག་རིམ་པའི་སློབ་གྲོགས་ཡོངས་ཡིན་ཞིང་། འཛིན་བྱ་ནི་གངས་ཅན་བརྡ་སྤྲོད་པའི་གཞུང་གི་རྩ་བ་སུམ་རྟགས་གཉིས་ལས་རྟགས་ཀྱི་འཇུག་པའི་རྩ་བ་དང་དེའི་འགྲེལ་བ་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་རྟགས་འཇུག་གི་སྙིང་བོ་དཀའ་གནད་གསལ་བའི་མེ་ལོང་གཉིས་ཡིན། དེར་འཛིན་གྲྭ་རེ་ནས་ཡུལ་དངོས་གདམ་གསེས་གཉིས་དང་དཔའ་ཁས་ལེན་གཅིག་བཅས་བསྡོམས་པའི་སློབ་མ་སོ་དགུས་དྲི་བ་འདྲི་མཁན་གྱི་དགེ་རྒན་གྱི་དྲི་བ་ལྟར་གཞུང་ཚིག་གང་དེའི་འཕྲོར་མཐུད་ནས་བློ་འདོན་བྱས།

     འགྲན་ཞུགས་སློབ་གྲོགས་རྣམས་ཀྱིས་འཛིན་བྱའི་རྩ་བ་གང་དེའི་མཚམས་གང་ནས་སྨྲ་དག་ཅིང་སྐད་མཐོ་བ། སྤོབས་པ་ལྡན་པ། ཚིག་འབྲུ་གསལ་བ་བཅས་ཀྱིས་བློར་འཛིན་བྱས་པ་དང་། དཔྱད་འདེམ་དགེ་རྒན་རྣམས་ཀྱིས་ཀྱང་དྲང་བདེན་དང་འདྲ་མཉམ་གྱི་སྒོ་ནས་འགྲན་ཞུགས་ཀྱི་རྩ་དོན་དང་རེ་བ་ལྟར་འགྲན་ཞུགས་སློབ་གྲོགས་རྣམས་ལ་སྐར་འབྲས་བྱིན་མཐར། སློབ་གྲོགས་གཡང་སྐྱབས་རྒྱལ་དང་ནོར་བུ་བཟང་བོ་གཉིས་ལ་རིམ་བཞིན་དཔའ་ཁས་ལེན་དང་གདན་ཐོན་གྱི་ཨང་དང་པོའི་བྱ་དགའ་ཐོབ། སློབ་གྲོགས་པདྨ་རྣམ་རྒྱལ་དང་ཀླུ་མོ་རྒྱལ། བཀྲ་ཤིས་མཚོ་མོ་དང་བདེ་མཆོག་རྒྱལ་བཅས་ལ་རིམ་བཞིན་དཔའ་ཁས་ལེན་དང་གདན་ཐོན་གྱི་ཨང་གཉིས་པའི་བྱ་དགའ་ཐོབ། སློབ་གྲོགས་སྙིང་མོ་ཐར་དང་ཁོན་ཐར་སྐྱིད། ཚེ་འཛིན་དབང་མོ། རབ་བརྟན་ཚེ་རིང་། ཀུན་བཟང་སྒྲོལ་མ། འབྲུག་བྱམས་རྡོ་རྗེ་བཅས་ལ་རིམ་བཞིན་དཔའ་ཁས་ལེན་དང་གདམ་ཐོན་གྱི་ཨང་གསུམ་པའི་བྱ་དགའ་ཐོབ།
     ཐེངས་འདིའི་བྱ་འགུལ་བརྒྱུད་ནས་སློབ་གྲྭའི་བསླབ་ཕྱིའི་འཚོ་བ་ཕུན་སུམ་ཚོགས་པར་བཏང་ཞིང་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་འདུན་པ་སྔར་བས་ཇེ་ལེགས་སུ་གྱུར་བར་མ་ཟད། སྣ་མང་ཤེས་བྱའི་ཚལ་ལ་འཇུག་པར་བློ་སྤོབས་དང་ཡིད་ཆེས་ཀྱིས་ཁེངས་པར་གྱུར་ཅིང་། སློབ་གྲོགས་སོ་སོའི་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བློ་གྲོས་དང་རིག་པའི་རྩལ་ངོམ་པའི་གར་སྟེགས་ཤིག་བསྐྲུན་པར་མ་ཟད། བརྩོན་པ་ཆུ་བོའི་རྒྱུན་ལ་བསྟེན་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་པར་ཡང་རྔོ་ཆེན་པོ་ཐོགས་སོ།།


འབྲེལ་ཡོད་འོས་སྦྱོར།