རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག(བོད་ལུགས་གསོ་རིག)ནད་ཐོག་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་བཀལ།
རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག(བོད་ལུགས་གསོ་རིག)ནད་ཐོག་ཞིབ་འཇུག་རྟེན་གཞི་དེ་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་སྒོ་བྱང་བཀལ།
སྤྱི་ཟླ5བའི་ཚེས16ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག(བོད་ལུགས་གསོ་རིག)ནད་ཐོག་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།
རྟེན་གཞི་དེས་རྒྱུན་འཛིན་གཞི་ཚུགས་པ་དང་གསར་གཏོད་བྱེད་ཕོད་པར་ཁ་ཕྱོགས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་སྒོ་ནས། མཆིན་པ་སྲ་འགྱུར་དང་ཀླད་ཁྲག་ཤོར་བ་སོགས་རྟེན་གཞིའི་གཙོ་གནད་ནད་རིགས་དང་མོ་ནད་ཚན་ཁག་གི་ནང་སྐྱི་གནས་འཕྱོལ་བ་སོགས་རྟེན་གཞིའི་གཙོ་གནད་རྒྱ་བསྐྱེད་པ་ནད་ཐོག་ཞིབ་འཇུག་བྱས་པ་བརྒྱུད། བོད་ལུགས་གསོ་རིག་གི་གཏར་ཁ་དང་སྨན་བཤལ། རྩ་བཤལ། ཆུ་བཤལ་སོགས་ཁྱད་ཆོས་ལྡན་པའི་བོད་ལུགས་གསོ་རིག་ཕྱི་བཅོས་ཀྱི་བཅོས་ཐབས་སྔར་བས་སྲུང་སྐྱོབ་དང་རྒྱུན་འཛིན། གསར་གཏོད། ཁྱབ་སྤེལ་དང་། གཙོ་གནད་ནད་རིགས་ཆེད་ལས་ཚན་ཁག་གི་སྨན་ཁབ་གསར་བཟོ་བྱས་ཏེ། གཙོ་གནད་ནད་རིགས་ཀྱི་ནད་ཐོག་སྨན་བཅོས་ཇུས་གཞི་དང་ནད་ཐོག་གི་ནད་བརྟག་སྨན་བཅོས་བྱེད་ཐབས། ཕྱི་བཅོས་ལག་རྩལ་གྱི་ཚད་གཞི་བཀོལ་སྤྱོད་བྱེད་སྲོལ་དང་ནད་གཡོག་ཚད་གཞི་བཀོལ་སྤྱོད་བྱེད་སྲོལ་བཟོས་ནས། བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ལྡན་ལེགས་ཆ་སྔོག་འདོན་དང་འདོན་སྤེལ་གང་ལེགས་དང་། བོད་ལུགས་གསོ་རིག་སྨན་རྫས་ཀྱི་གསོ་བཅོས་དཀའ་གནད་ཆེ་བའི་རིམས་ནད་ཀྱི་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཚན་ཞིབ་མཉམ་འདུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་པད་མ་དབྱངས་སྒྲོན་གྱིས་ངོ་སྤྲོད་བྱེད་རྒྱུར། “ངེད་སྨན་ཁང་གིས་རྨང་གཞི་འདིང་བ་དང་ལམ་སྲོལ་འཛུགས་པ། ཕུགས་རིང་ལ་དམིགས་པ། ཕན་འབྲས་ཐོན་པ་བཅས་ཀྱི་མཛུབ་ཁྲིད་བསམ་བློ་དང་ལས་ཀའི་དམིགས་ཚད་ལ་བརྩི་སྲུང་དང་རྒྱུན་འཁྱོངས་བྱེད་པ་དང་། ལས་སྒོ་རྟེན་གཞི་འཛུགས་སྐྲུན་ཀྱི་ཇུས་གཞི་གཞིར་བཟུང་ནས། ཀླད་ཁྲག་ཤོར་བ་དང་མཆིན་པ་སྲ་འགྱུར་སོགས་མཚོ་བོད་ས་མཐོའི་རྒྱུན་མཐོང་ནད་དང་ཕོག་སླའི་ནད་རིགས་ཞིབ་འཇུག་གཙོ་བོའི་ཁོངས་སུ་འཇུག་པ་དང་། མཐོ་སྒང་ཕྲ་ཕུང་དམར་པོ་མང་དུ་འཕེལ་བའི་ནད་དང་མོ་ནད་ཚན་ཁག་གི་ནང་སྐྱི་གནས་འཕྱོལ་བའི་ནད་རྟེན་གཞི་རྒྱ་སྐྱེད་གཏོང་བའི་ནད་རིགས་སུ་བཟུང་ནས། བོད་ལུགས་གསོ་རིགས་གནའ་དཔེ་དཔྱད་ཡིག100དང་དེང་རབས་ཡིག་ཆའི་གཞི་གྲངས་ཁྲི10སྔོག་འདོན་ལེགས་སྒྲིག་དང་། ནད་རིགས་ལ་གཞིགས་ནས་བོད་ལུགས་སྨན་པ་བགྲེས་གྲས་ཀྱི་དཔེ་མཚོན་སྨན་བཅོས་ཇུས་གཞི་དང་ཉམས་མྱོང་སྨད་དཔྱད་རིགས་ཁྲི1རིགས་དབྱེ་བྱེད་པ་དང་། བོད་ལུགས་གསོ་རིག་ཕྱི་བཅོས་ཀྱི་སྐབས་འཕྲོད་ལག་རྩལ་རྣམ་གྲངས12རྒྱུན་འཛིན་ཁྱབ་སྤེལ་དང་ཞིབ་འཇུག་སྔོག་འདོན་བྱ་རྒྱུ་དང་། ཀླད་ཁྲག་ཤོར་བ་ཚབས་ཉེན་ཆེ་བར་དམིགས་ནས་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་གཏར་ཁའི་བཅོས་ཐབས་བཏོན་ནས། བོད་ལུགས་གསོ་རིག་གི་ཕྱི་ནང་མཉམ་སྐྱོང་གིས་ནད་པའི་འཚོ་གནས་ཀྱི་སྤུས་ཚད་མཐོ་རུ་ནུས་ལྡན་བཏང་ཡོད།”