《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》འགྲེམ་སྤེལ་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་བསྡུས།
རྩོམ་པ་པོ།:བདེ་སྐྱིད་སྒྲོལ་མ། ལྕགས་འབུམ་ར
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-03-12
ཀློག་གྲངས།:
ཉེ་སྔོན། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེཚོགས》འགྲེམ་སྤེལ་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས། འདི་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཁྲིད་སྟོན་དུ་བྱས་ཐོག མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་རིགས་རིག་གནས་ལས་དོན་དང་གྲངས་ཉུང་མི་རིགས་རྩོམ་རིག་ལས་དོན་ལ་ཤུགས་ཆེན་པོའི་རྒྱབ་སྐྱོར་བྱས་པ་མཚོན་པར་མ་ཟད། བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་མཚོ་ནུབ་ཁུལ་མི་རིགས་རྩོམ་རིག་ལས་དོན་གྱིས་བླངས་པའི་གྲུབ་འབྲས་ཀྱང་མཚོན་ཡོད།
ཐེངས་འདིའི་མཛད་སྒོའི་ཚོགས་འདིའི་སྟེང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་བསོད་ལོ་དང་། ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ལུང་རིན་ཆེན། བཀྲ་ཤིས་དོན་གྲུབ། དེ་མིན་བོད་ཀྱི་རྩོམ་པ་པོ་རྒན་གྲས་སྐོར་ཞིག་དང་། ཆེད་མཁས་པ། དུས་དེབ་སོ་སོའི་རྩོམ་སྒྲིག་པ། སྙན་ངག་པ། རྩོམ་རིག་དཔྱད་བརྗོད་པ། དཔེ་ཚོགས་རྩོམ་པ་པོ། བོད་ཀྱི་རྩོམ་རིག་ལ་དུངས་པ་ཟབ་པའི་གསར་སྐྱེས་རྩོམ་པ་པོ་སོགས་མི50ལྷག་ཐེངས་འདིའི་དཔེ་ཚོགས་འགྲེམ་སྤེལ་དང་བགྲོ་གླེང་གི་མཛད་སྒོར་ཞུགས།《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》ཞེས་པ་འདི་ནི་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་འགན་འོག 《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་བྱས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་རྩོམ་རིག་དཔེ་ཚོགས་ཤིག་ཡིན་ལ། དེའི་ཁྲོད་ལྷུག་རྩོམ་དེབ1དང་སྙན་ངག་དེབ5། ཕྱོགས་བསྒྲིགས་དེབ2བཅས་བསྡོམས་པས་དེབ8ཡོད་དེ། 《ཚྭ་འདམ་མཆོད་བསྟོད》(སྟོད་ཆ་དང་སྨད་ཆ)དང《རྒྱང་ལྟའི་ཁྲོད་ཀྱི་ལྷ་རི》། 《རླུང་དང་མེ་ཏོག》། 《རྟོད་ཐག་ཁྲ་ཁྲ》། 《དབྱངས་ཀྱི་ང་རོ》། 《རླུང་དང་འདྲེས་པའི་གཏམ》། 《འབྲོག་མོ》བཅས་ཀྱིས་གྲུབ་ཅིང་། མིག་སྔར་མཚོ་ནུབ་ས་ཁུལ་གྱི་བོད་རིགས་རྩོམ་པ་པོའི་དཔེ་ཚོགས་ཐོག་མའང་ཡིན།
ཐེངས་འདིའི་རྩོམ་པ་པོའི་ཁྲོད་དུ་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཉྭ་ནག་པ་བ་རེས་ལགས་དང་གཞོན་སྐྱེས་སྙན་ངག་པ་མོག་བུ་ཡེ་ཤེས་སྐྱབས། སྐྱེས་མ་སྙན་ངག་པ་མེ་ཏོག་སྐྱིད་སོགས་མཆིས་ཤིང་། དཔེ་ཚོགས་ཁྲོད་ཀྱི་བརྩམས་ཆོས་ཕལ་ཆེ་བ་ཞིག་རྩོམ་པ་པོ་རང་རང་གིས་ཉེ་དུས་སུ་གསར་རྩོམ་གནང་བའི་བརྩམས་ཆོས་གསར་བ་དག་ཡིན་པས། དཔེ་ཚོགས་ཀྱི་རྗོད་བྱེད་དང་བརྗོད་བྱ་གང་ཐད་ནས་ཁྱད་ཆོས་འབུར་དུ་ཐོན་ཞིང་སྒྱུ་རྩལ་གྱི་རིན་ཐང་ངེས་ཅན་ལྡན་ཡོད་པས། དཔེ་ཚོགས་འདིས་མཚོ་ནུབ་ས་གནས་དང་ཡང་ན་བོད་ཀྱི་རྩོམ་རིག་གསར་རྩོམ་ཕྱོགས་ལ་ནུས་པ་མི་དམན་པ་བཞག་ཡོད།
འབྲེལ་ཡོད་འོས་སྦྱོར།