མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་སྨན་རྩྭའི་ལྗོངས་ཕྱིའི་ལག་ལེན་སློབ་གསོའི་བྱ་འགུལ་སྤེལ་བ།
མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་སྨན་རྩྭའི་ལྗོངས་ཕྱིའི་ལག་ལེན་སློབ་གསོའི་བྱ་འགུལ་སྤེལ་བ།
སྤྱི་ཟླ8པའི་ཚེས10ནས་ཚེས13ཉིན་བར། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས2017ལོའི་བོད་ཀྱི་གསོ་རིག་ཆེད་ལས་ལག་རྩལ་མི་སྣས་སྨན་རྩྭའི་ལྗོངས་ཕྱིའི་ལག་ལེན་སློབ་གསོའི་བྱ་འགུལ་དེ་སྐུ་འབུམ་རྫོང་ཁྱུང་རྒྱ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་སྤེལ་ཞིང་། དུས་ཡུན་ཉིན4ཡིན། ཐེངས་འདིའི་བྱ་འགུལ་ལ་ཞུགས་མཁན་ནི་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་ཉི་མ་དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་དབང་ཆེན་ཚེ་བརྟན། ཀྲུའུ་རིན་སྨན་པ་གཡང་འབུམ་བཀྲ་ཤིས། ཀྲུའུ་རིན་གཞོན་པའི་སྨན་པ་པདྨ་ཐར་སོགས་བོད་སྨན་ངོས་འཛིན་དབང་གྲགས་ཆེད་མཁས་པ་ཡོད། སྨན་ཁང་འདིའི་རིམ་པ་སོ་སོའི་བོད་སྨན་སྨན་བཅོས་དང་ཚན་ཞིབ། སློབ་སྒྲུབ། ཐོན་སྐྱེད་སོགས་ཚན་ཁག13འདུས་ཤིང་། བསྡོམས་པས་བྱ་འགུལ་ལ་ཞུགས་པའི་མི་སྣ100ལྷག་ཡོད།
བོད་ཀྱི་གསོ་རིག་སྨན་བཅོས་ཆེད་ལས་ཀྱི་ལག་རྩལ་མི་སྣ་ཡོངས་རྩ་འཛུགས་བྱས་ཏེ་དུས་ཡུན་ཉིན་གཅིག་གི་ལྗོངས་ཕྱིའི་བོད་སྨན་སྨན་རྩྭའི་ལག་ལེན་སློབ་གསོ་དང་། ཉིན་ཕྱེད་ཀྱི་གཏེར་དངོས་སྨན་རྫས། སིལ་ཏོག་རིགས་ཀྱི་སྨན་རྩྭ་ངོས་འཛིན་སོགས་སློབ་གསོ་སྤེལ་ཞིང་། བྱ་འགུལ་གྱི་གོ་རིམ་ཧྲིལ་བོར་རྒྱལ་ཁབ་ཀྱི་སྨན་པ་ཆེན་མོའམ་དགེ་རྒན་ཆེན་མོ་ཉི་མས་ཆེད་མཁས་པ་གཞན5བོ་དང་ལྷན་དུ་ལྗོངས་ཕྱིའི་ལག་ལེན་སློབ་ཁྲིད་གནང་ལ། བསྡོམས་པས་སྐྱེ་དངོས་དཔེ་གཟུགས་རིགས130ལྷག་དང་། གཏེར་དངོས་སྨན་རྫས་དང་སིལ་ཏོག་རིགས་ཀྱི་སྨན་རྫས་རིགས100ལྷག་འཚོལ་བསྡུ་བྱས། གཞི་རྩའི་སྟེང་བོད་ཀྱི་གསོ་བ་རིག་པའི་བསླབ་གཞི་དང་རྩ་གནད་ཁྲོད་ཀྱི་འཐུས་ཚབ་རིགས་སྣ་གཙོ་ཆེར་ཁེབས་ཡོད་ཅིང་། སྔོན་དཔག་གི་རེ་འདུན་ལ་བསླེབས།
ཐེངས་འདིའི་བྱ་འགུལ་དུ་ཁྱུང་རྒྱ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་ཉེ་འཁོར་དུ་སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པའི་རི་ལུང་ལ་གཟིགས་རྟོག་དང་འཚོལ་བསྡུ། སྨན་རྩྭ་ངོས་འཛིན་བཅས་བྱས་ཤིང་། ཆེད་མཁས་པ་རྣམས་ཀྱིས་གཙོ་ཆེར་ཉིན་ཕྱོགས་རི་ལྡེབས་དང་སྲིབ་ཕྱོགས་རི་ལྡེབས། བརླན་སྐྱེས། ཆུ་སྐྱེས། འདལ་སྐྱེས། མཐོ་སྒང་རྩྭ་ས། ནགས་རྫོབ། ལམ་འགྲམ་སོགས་ཁོར་ཡུག་ཏུ་སྨན་སྤྱོད་སྐྱེ་དངོས་ཀྱི་གནས་སྟངས་ཁྱད་ཆོས་ཆེད་ཁྲིད་གནང་སྟེ། ཆེད་ལས་ལག་རྩལ་མི་སྣ་རྣམས་ལ་སྐྱེ་དངོས་འདི་དག་གི་ཁྱད་ཆོས་དང་། སྐྱེ་འཚར་འཚོ་བའི་གོམས་གཤིས། རིག་ཚན་གང་དུ་གཏོགས་པ། རིགས་དབྱེའི་གནས་ཐིག སྐྱེ་ཁམས་གནས་སྟངས། དཔལ་འབྱོར་གྱི་དོན་སྙིང་སོགས་ཤེས་བྱའི་ཐད་ཐོག་མའི་རྒྱུས་ལོན་བྱེད་དུ་བཅུག