logo

སྐད་གཉིས་འཆམ་མཐུན་གྲོང་སྡེ་བསྐྱེད་སྲིང་དང་དཔའ་རིས་དམངས་གླུ་རྒྱུན་སྐྱོང་ལས་འགུལ་སྤེལ།

རྩོམ་པ་པོ།:འབྲུག་བྱམས་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-05-02 ཀློག་གྲངས།:

 

              2017ལོའི་ཟླ4བའི་ཚེས28ཉིན། དཔའ་རིས་བོད་རང་སྐྱོང་རྫོང་རབ་རྒྱས་རྫོང་མཁར་ནས་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་གཙོ་སྒྲུབ་བྱས་ཏེ།  སྐད་གཉིས་འཆམ་མཐུན་གྲོང་སྡེ་བསྐྱེད་སྲིང་དང་དཔའ་རིས་དམངས་གླུ་རྒྱུན་སྐྱོང་ལས་འགུལ་སྤེལ།  ཐེངས་འདིའི་བསྐྱེད་སྲིང་ལ་སྐད་གཉིས་བྱ་བ་སྒྲུབ་བཞིན་པའི་ལས་བྱེད་པ་དང་བདེ་ཆེན་སྡེ་བའི་འབྲོག་པ་ཁ་ཤས།རྫོང་མཁར་གྱི་བཅའ་སྡོད་བོད་མི་སོགས་བསྡོམས་པའི་བསླབ་ཞུགས་མི50ལྷག་འཛོམས།

ལས་འགུལ་སྟེང་དུ་དཔའ་རིས་ཡུལ་སྐད་ལ་བྱང་ཆ་ལྡན་ཞིང་བོད་རིག་གནས་ཀྱི་གཏིང་ལ་རྒྱས་མངའ་བའི་རྒན་རྒྱལ་མཚན་མཆོག་གིས་དཔའ་རིས་ཡུལ་སྐད་ལས་ཉམས་ལ་ཉེ་བའི་སྐད་བརྗོད་བྱ་གཙོ་བོར་བཞག་ཏེ།  ཐོག་མར་དེང་དུས་བཀོལ་སྤྱོད་ཉུང་བའི་མིང་བརྡ་དག་རིགས་བཀར་ཏེ་དོན་འགྲེལ་དང་དཔེའི་སྒོ་ནས་གསལ་བཤད་ཞིབ་མོ་མཛད། དེའི་རྗེས་འཚོ་བར་ཐག་ཉེ་བའི་གཏམ་དཔེ་སྐོར་ཞིག་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་འགྲེལ་རྒྱབ་པའི་ཞོར་དུ་དཔའ་རིས་ཡུལ་སྐད་གྱི་གནས་བབ་དང་དེ་འཛིན་སྐྱོང་སྤེལ་གསུམ་གྱི་དོན་སྙིང་དང་ཐབས་ལམ་དོན་དང་འབྲེལ་ཏེ་བསྟན།  ཁོང་གིས་དཔའ་རིས་ཡུལ་སྐད་སྲུང་སྐྱོབ་ལ་འབྲེལ་ཡོད་སྡེ་ཁག་གིས་དཔའ་རིས་ཁ་སྐད་རྣལ་མ་སྒྲ་ཕབ་ཏེ་ཉར་ཚགས་རྒྱུན་སྲིང་དང་། བོད་ཡིག་བོད་སྐད་ཤེས་མི་དག་གིས་དུས་རྒྱུན་དུ་བོད་སྐད་བཤད་རྒྱུ།  ད་དུང་བོད་རིགས་ཕ་མ་དག་གིས་རང་གི་བྱིས་པར་བོད་ཡིག་བསླབ་ཏུ་འཇུག་རྒྱུ་སོགས་ཀྱི་རེ་བ་གང་མང་ཞུས། མཐར་རི་རབ་རི་ཡི་ཐོག་རིམ་ན་ཞེས་པའི་དཔའ་རིས་བསྟོད་གླུ་ཞིག་ཁྲིད་འདོན་དང་དེ་དཔའ་རིས་ཡུལ་གྱི་གླུ་མ་མིང་གྲགས་ཅན་སེམས་ཉིད་ཕྱུག་འཛོམས་སྐྱིད་ལགས་ཀྱིས་གནའ་མིའི་དབྱངས་རྟ་སྙན་མོར་བཀུག་ཏེ་དམར་ཁྲིད་བྱས་ནས་སྤྲོ་སེམས་འཁོལ་བའི་ངང་མཇུག་སྒྲིལ་བྱུང་།

           ཐེངས་འདིའི་ལས་འགུལ་གྱི་འཆད་ཁྲིད་ནང་དོན་ཕུན་སུམ་ཚོགས་ཤིང་བློ་ཁ་དང་འཚམ་པ། གོ་རིམ་གསལ་ཞིང་བརྩེ་དུང་གིས་ཁེངས་བས་ཚོགས་མི་ཡོངས་ལ་མེས་པོས་བཞག་པའི་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་གང་ལེགས་ཀྱི་ཞོར་དུ། རྒྱལ་ཡོངས་སྤྱི་སྐད་ལ་སློབ་སྦྱོང་ལེགས་པོ་དང་མི་རིགས་གཞན་གྱི་སྲོལ་རྒྱུན་རིག་གནས་སོགས་སྙིགས་དོར་བཅུད་ལེན་གྱིས་ནང་འདྲེན་བྱས་ནས་སྐད་རིགས་འཆམ་མཐུན་དང་མི་རིགས་མཉམ་གནས་ཀྱི་སེམས་ཤུགས་དྲགས་པོ་སྩོལ་ཐུབ་བྱུང་། 


འབྲེལ་ཡོད་འོས་སྦྱོར།