སློབ་དཔོན་ཆེན་མོ་འཇམ་དབྱངས་གྲགས་པའི་གསུང་འབུམ་འགྲེམས་སྤེལ་ཚོགས་འདུ་རེབ་གོང་ནས་བསྡུས།
རྩོམ་པ་པོ།:དབྱར་རྔ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-02-24
ཀློག་གྲངས།:

དགེ་བཤེས་ཆེན་མོ་འཇམ་དབྱངས་གྲགས་པའི་གསུང་འབུམ་འགྲེམས་སྤེལ་ཚོགས་འདུ་རེབ་གོང་ནས་བསྡུས་པ།
སྤྱི་ཟླ2པའི་ཚེས23ཉིན། རེབ་གོང་ཡུལ་གྱི་སློབ་དཔོན་ཆེན་མོ་འཇམ་དབྱངས་གྲགས་པ་ཚང་གི་གསུང་རྩོམ་པོད་ལྔའི་བདག་ཉིད་ཅན་པར་སྐྲུན་འགྲེམས་སྤེལ་བགྲོ་གླེང་ཚོགས་འདུ་རེབ་གོང་ནས་བསྡུས།

སློབ་དཔོན་ཆེན་མོ་འཇམ་དབྱངས་གྲགས་པ།

སློབ་དཔོན་ཆེན་མོ་འཇམ་དབྱངས་གྲགས་པའི་གསུང་འབུམ་པོད་ལྔའི་བདག་ཉིད་ཅན།
ཚོགས་འདུའི་སྟེང་དུ་ཀོའུ་སྡེའི་བླ་མ་བན་སྔགས་ཚང་དང་། ཁུལ་དམངས་ཆེན་གྱི་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་། མཚོ་སྔོན་སློབ་ཆེན་གྱི་རྒན་ཟླ་བ་དང་དགེ་འདུན། ཀརྨ་མཁའ་འབུམ། རྫོང་དཔོན་པད་མ་རིག་འཛིན། སྤུན་ཆུང་བྱམས་པ་ཚེ་རིང་སོགས་གཙོ་བྱས་པའི་བླ་མ་དང་གྲྭ་བ། འགོ་ཁྲིད། སློབ་དཔོན་ཆེན་མོ། འབུམ་རམས་པ། རབ་འབྱམས་པ་མི་བཅུ་ཕྲག་བཞི་ལྷག་ཞུགས་ཡོད་ཅིང་། དུས་ཚོད་གཉིས་ཀྱི་རིང་དམ་པ་ཁོང་གི་གསུང་རྩོམ་པར་སྐྲུན་ཐད་ལ་རོགས་རམ་གནང་མཁན་གྱི་ཁུལ་རིམ་པའི་འགོ་ཁྲིད་དང་། དམ་པ་ཁོང་དང་མཉམ་དུ་ཕྱག་ལས་གནང་རོགས། དཔེ་སྐྲུན་ཐད་ལ་རམ་འདེགས་གནང་མཁན། སློབ་མ་སོགས་ཀྱིས་ཕྱོགས་སོ་སོ་ནས་དམ་པ་ཁོང་གི་མི་ཚེའི་མཛད་རྣམ་ལ་རང་རང་གི་ལྟ་ཚུལ་ལྷུག་པར་བརྗོད་དེ་རྗེས་སུ་ཡི་རངས་དང་བཅས་ཕྱི་དྲོའི་དུས་ཚོད་གསུམ་དང་ཕྱེད་ཀའི་སྟེང་བགྲོ་གླེང་ཚོགས་འདུ་མཇུག་བསྡུས།

ཚོགས་འདུའི་ཡུལ་དངོས།

ཚོགས་འདུའི་ཡུལ་དངོས།

ཚོགས་ཞུགས་མི་སྣའི་མཉམ་པར།
གསུང་རྩོམ་ཆ་ཚང་འཕྲུལ་པར་དུ་བཏབ་ནས་བོད་ཁམས་སུ་འགྲེམས་སྤེལ་བྱེད་ཐུབ་པ་ནི་ཁོང་གི་རིགས་སྲས་གཉིས་དང་བཅས་པའི་བཀའ་དྲིན་ཡིན་པས། ཁོང་རྣམ་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག གྲུབ་མཐའ་དང་། སུམ་རྟགས་དག་གསུམ། སྙན་ངག ནང་བསྟན་ལོ་རྒྱུས་ཀྱི་དཀའ་ཟིན་དང་སྤྱོད་འཇུག་སོགས་ཀྱི་ཟིན་བྲིས། ཕོ་ཉ་གཞོན་ནུ་དོན་གྲུབ་སོགས་ཀྱི་འགྲེལ་བའི་སྐོར། བསྟོད་ཚོགས། སློབ་ཁྲིད་གྲ་སྒྲིག་སོགས་འདུས་པའི་ཕུན་སུམ་ཚོགས་པ་ལྔའི་གྲངས་དང་ལྡན་པའི་གླེགས་བམ་འདི་བོད་མགོ་ནག་སྤྱི་བོ་གནམ་བསྟན་ཚང་གི་རིག་གནས་ལྔའི་བསྟན་པ་ཡར་ངོའི་ཟླ་ལྟར་འཕེལ་བའི་གསོས་སུ་འགྱུར་བར་སྙིང་ནས་སྨོན་ནོ། །