logo

ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པས་དམངས་སྲོལ་རིག་གནས་སློབ་གྲྭར་འདྲེན་པ་ཞེས་པའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:ཆོས་སྐྱོང་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-11-23 ཀློག་གྲངས།:


ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པས་སློབ་རའི་བྱ་འགུལ་སྤེལ་བ།

     སྤྱི་ཟླ11ཚེས21ཉིན།  ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་དམངས་སྲོལ་རིག་གནས་སློབ་གྲྭར་འདྲེན་པ་ཞེས་པའི་སློབ་གྲྭ་ཡོངས་ཀྱི་འགྲན་བསྡུར་ཆེན་པོ་ཞིག་སྤེལ།


དཔྱད་འདེམས་པས་འཛིན་གྲྭ་རེ་རེར་ལྟ་ཞིབ་བྱེད་བཞིན་པ།

     དེ་ཡང་རང་རེ་གངས་ཅན་པའི་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་ལ་བསྟན་ཡོད་རིག་གནས་དང་བསྟན་མེད་རིག་གནས་གཉིས་ཀ་ཡོད་ཅིང་། འདི་དག་ཀུན་ཀྱང་མེས་པོ་བཟོད་བརྩོན་དང་ཤེས་རབ་ཅན་རྣམས་ཀྱིས་ཤུལ་དུ་བཞག་པའི་རིན་ཐང་གཞལ་དུ་མེད་པའི་ཤེས་རིག་རྒྱ་མཚོ་ལྟ་བུའི་གྲུབ་ཆ་ཞིག་ཡིན་ཙ་ན། ངེད་ཅག་ལ་འདི་དག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་འོས་འགན་ཅི་བས་ཆེ། ཡིད་ཤིན་ཏུ་ཕངས་པ་ནི་དེང་གི་ཆར་འདི་དག་དམངས་སྲོལ་ཙམ་དང་འཁྲབ་སྟོན་ཙམ་དུ་གྱུར་པ་དེ་ཡིན་ལ། འདི་ལྟར་ཕྱིན་ཚེ་གདོན་མི་ཟ་བར་དུས་ཡུན་ཤིན་ཏུ་ཐུང་བའི་ནང་ལ་ཕུན་སུམ་ཚོགས་པའི་རིག་གནས་འདི་ཀུན་དངོས་མང་བཤམས་སྟོན་ཁང་དུ་གཏན་དུ་ངལ་གསོ་བྱེད་ངེས་སོ།། འཇིགས་སུ་རུང་བའི་མཐའ་འབྲས་དེ་དང་།ཉམས་ཤིང་རྒུད་པའི་གནས་བབ་དེ་མི་འབྱུང་བའི་ཆེད་དུ།  ལྷག་པར་ངེད་ཅག་ཐུན་མོང་ལ་འོས་སུ་བབ་པའི་བོད་རིག་པ་འཛིན་སྐྱོང་སྤེལ་གསུམ་ཞེས་པའི་དོན་ཆེན་འདི་ལ་བསམ་ཞིང་བསམ་ན།  ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་འདི་ཀུན་ཀྱང་སློབ་གྲྭ་སོ་སོར་འདྲེན་པ་འདི་ཐབས་ཀྱི་དམ་པར་མཐོང་སྟེ།  འདི་ལྟར་བྱས་ན་དམངས་སྲོལ་རིག་གནས་ཐམས་ཅད་ལ་ཐམས་ཅད་དུ་ཚེ་སྲོག་གསར་བ་ཞིག་ཞུགས་པའི་ཕན་ནུས་ཡོད་པར་སྙམ།


སྙན་མོ་ངག་ལ་འགུག་བཞིན་པ།

བདེ་མོ་གར་ལ་འགྲོ་བཞིན་པ།

བག་རེས་སློང་བ།

     དེ་བས། རང་སློབ་གྲྭའི་མགོ་ཁྲིད་རྣམས་ཀྱིས་རྒྱབ་སྐྱོར་གང་ལེགས་གནང་བ་ལ་བརྟེན་ནས་འཛིན་གྲྭ་སོ་སོའི་འཛིན་བདག་རྣམ་པས་རང་རང་སོ་སོའི་འཛིན་གྲྭ་ལ་གཞེན་སྐུལ་དང་སྤོབས་པ་བསྐྱེད། སློབ་མ་རྣམས་དང་རྡོག་རྩ་གཅིག་སྒྲིལ་གྱིས་དམངས་ཁྲོད་དུ་རིག་གནས་བཙལ་ཅིང་། རང་གི་ལག་ལེན་ལ་བརྟེན་ནས་མངོན་གྱུར་བྱས་པའི་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པས་དམངས་སྲོལ་རིག་གནས་སློབ་གྲྭར་འདྲེན་པ་ཞེས་པའི་བྱ་འགུལ་འདི་སྤེལ།

ཕ་མེས་ནས་བརྒྱུད་པའི་ལག་ཤེས

རྡོ་རིས་སྒྱུ་རྩལ།

     འདི་ལ་འཛིན་གྲྭ་ངོ་སྤྲོད་དང་། དམངས་སྲོལ་རིག་གནས། ལྡེབས་རིས་སྒྱུ་རྩལ། ཉེར་མཁོའི་རེའུ་མིག སྒོ་སམ་ཇུས་འགོད་ཅེས་དོན་ཚན་ལྔ་ཡོད་ལ། ཐམས་ཅད་འཛིན་བདག་གིས་མཛུབ་སྟོན་དང་སློབ་མ་རང་རང་སོ་སོ་ནས་སློབ་སྦྱོང་བྱས་ཤིང་།རང་ཉིད་ཀྱིས་བརྩམས་པ་ཤ་སྟག་ཡིན། དེ་ལ་དངོས་གཞིའི་འགྲན་བསྡུར་གྱི་ཉིན་མོ་འདིར་སློབ་གྲྭའི་འཆར་ཅན་བཞིན་རྫོང་སློབ་གསོ་ལྟ་སྐུལ་ཁང་གི་རྒན་སྲིང་ཚེ་དང་། ཞིན་ཧེ་རྫོང་བོད་སྨན་ཁང་གི་འགོ་གཙོ་གཞོན་པ་ཧྲོང་བོ་ཚེ་བརྟན་རྒྱལ། རྫོང་རིག་གནས་ཅུའུའི་གཞས་གདངས་རྩོམ་པ་བོ་རྒན་སྙིང་རྩེ་རྒྱལ། རྫོང་སློབ་དཔྱོད་ཁང་གི་རྒན་རྟ་མགྲིན་ཐར། རྫོང་འཐབ་ཕྱོགས་གཅིག་གྱུར་པུའུའི་རྒན་སྲས་མཆོག་ཡག་བཅས་དཔྱད་འདེམས་པར་གདན་དྲངས་པ་དང་། སློབ་གྲྭའི་མགོ་ཁྲིད་དང་གུང་གཞོན་ཚོགས་པའི་གཞུང་ལས་ཁང་གི་མི་སྣ་དག་འཛིན་གྲྭ་རེ་རེར་སོང་ནས་ལྟ་ཞིབ་བྱས།
     འཛིན་གྲྭ་སོ་སོའི་ཁྱད་ཆོས་ནི་སློབ་མ་རྣམས་ཀྱི་ཤེས་བརྩོན་དང་། འཆར་སྒོ་ཐུན་མོང་མ་ཡིན་པ་རེ་རེའི་བསྡུས་གཟུགས་རེ་རེ་སྟེ། ངོ་བོ་གཅིག་ལ་རྣམ་པ་སྣ་ཚོགས་པའི་ཁྱད་ཆོས་དག་ལ་རེ་ཞིག་ཨང་རིམ་དགར་བ་ཡང་དཀའ་བའི་ཚོད་དུ་གནས།  དེ་ཡང་ལྡེབས་རིས་སྒྱུ་རྩལ་དང་། རྡོ་རིས་སྒྱུ་རྩལ། ཡིག་རིས་སྒྱུ་རྩལ། ལག་བཟོས་བརྩམས་ཆོས། ཨ་རྩེད་དང་། ཞབས་བྲོ། གཏམ། བཤད་པ། བག་རེས། ཁ་ཤགས། གཏམ་དཔེ། ཁེད། གར་ཆུང་། གླུ། བཏགས་པ། སྒྲུང་སོགས་ཕུན་སུམ་ཚོགས་པའི་མིག་གི་བདུད་རྩི་དང་རྣ་བའི་བུ་རམ་ལྟ་བུ་མང་བོ་བྱུང་།


སློབ་ཁང་གི་ལྡེབས་རིས།

སྒོ་སམ་ཇུས་འགོད།

ལྡེབས་རིས་ཇུས་འགོད།

     མཐར་འགྲན་ཞུགས་ཚན་ཁག་གཉིས་ཀྱི་འཛིན་གྲྭ་ཉེར་བཞི་ལས་(དམའ་གསུམ་ཚན་ཁག་འགྲན་བསྡུར་ལ་མ་ཞུགས།) དམའ་གཉིས་ཚན་ཁག་གི་བརྒྱད(5)དང་། བརྒྱད(12)བརྒྱད(1)བརྒྱད(10)བརྒྱད(6)བཅས་ལ་རིམ་བཞིན་ཨང་དང་བོ་དང་། གཉིས་པ། གསུམ་པ། ཕུལ་བྱུང་བཅས་ཀྱི་བྱ་དགའ་ཐོབ། དམའ་གཅིག་ཚན་ཁག་ལས་བདུན(6)དང་། བདུན(2) བདུན(1) བདུན(8) བཅས་ལ་རིམ་བཞིན་ཨང་དང་བོ་དང་། གཉིས་པ། གསུམ་པ། ཕུལ་བྱུང་བཅས་ཀྱི་བྱ་དགའ་ཐོབ།
     བྱ་འགུལ་འདི་ནི་དམངས་ཁྲོད་དུ་རིག་གནས་བཙལ་ཅིང་། ལག་ལེན་གྱིས་མངོན་འགྱུར་བྱས་པ་ཞིག་ཡིན་ལ། དཔེ་ཐོག་གི་གོ་བ་ཙམ་ཡང་མིན་པས་སློབ་མ་རྣམས་ལ་ཕན་སྐྱེད་དང་སྤྲོ་བ་གཞན་ལས་ཆེ། ལྷག་པར་འཛིན་བདག་དང་སློབ་མ་ཐུན་མོང་གི་འབད་བརྩོན་དང་བློ་གྲོས་ཀྱི་འབྲས་བུ་ཡིན་པས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པར་འདོད་དོ། །


འབྲེལ་ཡོད་འོས་སྦྱོར།