
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས《 གངས་ལྗོངས་ཀྱི་མུ་ཏིག 》ཅེས་པའི་དམངས་གླུ་འགྲན་བསྡུར་སྤེལ་བ།
དམངས་གླུ་ནི་བོད་ཀྱི་ངག་བརྒྱུད་རིག་གནས་ཁྲོད་མེད་དུ་མི་རུང་བའི་རིན་ཆེན་ནོར་བུ་ལྟ་བུ་ཞིག་ཡིན་ལ། སྤྱི་ཚོགས་འགྱུར་བ་དང་བསྟུན་ནས་བོད་ཀྱི་དམངས་སྲོལ་རིག་གནས་ལ་ཤས་ཤིག་ཉམས་དམས་སུ་འགྲོ་བའི་སྣང་ཚུལ་མཆིས། གནས་ཚུལ་དེར་དམིགས་ནས་ངེད་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སློབ་མ་རྣམས་དམངས་སྲོལ་རིག་གནས་ལ་དགའ་ཞེན་དང་ལྷག་པར་བོད་ཀྱི་དམངས་གླུ་རིག་གནས་འདི་རྒྱུད་འཛིན་དང་དར་སྤེལ་གཏོང་བ། སློབ་གྲྭའི་རིག་གནས་མཁའ་དབུགས་ལེགས་བསྐྲུན་དང་། སློབ་གྲོགས་རྣམ་པའི་སློབ་སྦྱོང་གི་ངལ་དུབ་སེལ་བ། སློབ་མའི་སྒྱུ་རྩལ་གྱི་རྔམ་ཀ་ཇེ་བརྟན་དང་འཇོན་ཐང་མི་སྣ་མང་པོ་སྐྱེད་སྲིང་བྱ་བ་བཅས་ཀྱི་ཀུན་སློང་གིས་སྔོན་བསུས་ཏེ། སྤྱི་ཟླ11པའི་ཚེས14ཉིན་གྱི་ཕྱི་དྲོར། སློབ་གྲྭའི་རྩལ་སྦྱོང་ར་བ་རུ་སློབ་སྐབས་རེར་ཐེངས་རེར་སྒྲུབ་བཞིན་པའི《 གངས་ལྗོངས་ཀྱི་མུ་ཏིག 》ཅེས་པའི་དམངས་གླུ་འགྲན་བསྡུར་འདི་བསྒྲུབས་པ་ཡིན།

འགྲན་སྡུར་གྱི་ཡུལ་དངོས།
ཐེངས་འདིའི་བྱ་འགུལ་ནི་སློབ་གྲྭ་སྤྱིའི་ཐུན་མོང་གི་བྱ་འགུལ་ཞིག་ཡིན་པས། སློབ་ཆུང་རིམ་པ་དང་སློབ་འབྲིང་རིམ་པའི་འགྲན་ཞུགས་པ་སུམ་ཅུ་ལྷག་གི་ཁྲོད་ནས་ཐོག་མའི་སྐྱ་འགྲན་གྱི་གོ་རིམ་བརྒྱུད་དེ་འགྲན་ཞུགས་པ་ཉེར་གཅིག་རྟིང་རྩོད་འགྲན་བསྡུར་ལ་ཞུགས་སུ་བཅུག རྟིང་རྩོད་འགྲན་བསྡུར་ལ་ཞུགས་པའི་གླུ་བ་གླུ་མ་ཉེར་གཅིག་པོ་ལ་སློབ་གྲྭའི་གླུ་དབྱངས་དགེ་རྒན་དང་འཛིན་བདག་དགེ་རྒན་རྣམ་པས་གཟའ་འཁོར་གཅིག་ཙམ་གྱི་སློབ་སྟོན་དང་སྦྱང་བ་གང་མང་བརྒྱུད་རེབ་འདིའི་དམངས་གླུ་འགྲན་བསྡུར་སྔོན་ལོ་དང་བསྡུར་ན་ཡར་རྒྱས་ཀྱི་རྣམ་པ་ཅུང་མངོན།

འགྲན་སྡུར་གྱི་ཡུལ་དངོས།
སློབ་གྲྭའི་འཚོ་བའི་སྡེ་ཁག་གིས་སློབ་མ་རྣམས་ལ་རང་རང་གི་འཇོན་ནུས་སྔོག་འདོན་གྱི་གར་སྟེགས་ལེགས་པོ་ཞིག་ཇུས་འགོད་བྱས་པ་དང་། སློབ་མ་ཚོའི་དམངས་གླུ་འགྲན་བསྡུར་འདྲ་མཉམ་དང་དྲང་བཞག་ཅིག་ཡོང་ཆེད། སློབ་གྲྭའི་དགེ་བཟོ་བའི་ཁྲོད་དུ་དམངས་གླུའི་རྨང་གཞི་ཡོད་ཅིང་། དམངས་གླུ་ལ་སྤྲོ་བ་ཆེ་བའི་དགེ་རྒན་འགའ་སྐར་འགོད་པར་བདམས་པ་རེད། ཐོག་མར་སློབ་མ་རྣམས་ལ་དམངས་གླུ་ལེན་སྟངས་ཏེ། སྐད་ཀྱི་མཐོ་དམའ་དང་ངག་གི་ལྡེམ་ཤ། གཟུགས་པོ་འཁོར་སྟངས་སོགས་དམངས་གླུ་ལེན་སྐབས་ཡིད་འཇོག་བྱེད་དགོས་པའི་སྐོར་རང་དཔེ་གཞན་སྟོན་གྱི་ཚུལ་དུ་སློབ་གྲྭའི་དགེ་བཟོ་བ་གསུམ་ལ་ཟས་ཀྱི་མགོ་མ་མཆོད་ཁ་དང་རྩེད་ཀྱི་མགོ་མ་གླུ་ཞེས་པ་ལྟར་དུ་ཀུན་པོར་མིག་དཔེ་བསྟན་ཏེ་གླུ་སྒོ་ཕྱེས། ཕྱིས་སུ་ལོ་རིམ་དགུ་བའི་མདོ་འཛིན་པ་གཡང་སྐྱབས་རྒྱལ་དང་གཡུ་མཚོ་སྐྱིད་གཉིས་ཀྱིས་དམངས་གླུའི་གལ་ཆེན་རང་བཞིན་དང་དམངས་གླུའི་ཕྱོགས་སུ་ཤུགས་སྣོན་དགོས་པའི་རེ་བ་བཏོན་པ་དང་སྦྲགས་མགོ་རྩོམ་པའི་མདོ་འཛིན་མཛད།

འགྲན་སྡུར་གྱི་ཡུལ་དངོས།
འགྲན་ཞུགས་པ་སོ་སོས་སྐུ་བསྟོད་ཡུལ་བསྟོད་ཀྱི་ཚིག་གི་འགྲོས་དེ་ལ་གཡང་ལ་མོའི་དབྱངས་རྟ་སྣ་ཚོགས་ལ་སྦྱར་ཏེ་གཅིག་ལས་གཅིག་ལྷག་གི་གླུ་སྐད་སྙན་མོ་སློབ་རའི་གསན་མཁན་པ་སྟོང་ཕྲག་གཉིས་ཀྱི་རྣ་བའི་བུ་རུམ་དུ་དྲངས། ད་དུང་བོད་ཀྱི་མདངས་མ་ཡལ་བའི་བོད་ལྭ་འདྲ་མིན་དང་རྒྱན་ཆ་ཡག་པོ་མགུལ་དུ་བརྒྱན་ཏེ་ཡག་ཐོག་ལ་ཡག་དང་སྒ་ཐོག་ལ་ཕྲ་བརྒྱབ་འདུག སློབ་ཆུང་རིམ་པ་ལོ་ན་ཆུང་བས་སྐད་དང་ངག འགྱོགས་སྟངས་དང་འགུག་ལུགས་ལ་དེ་འདྲའི་སྙན་ཆ་མེད་ན་ཡང་མ་འོངས་པར་བོད་ཀྱི་དམངས་གླུའི་རིག་གནས་ཐད་བྱས་རྗེས་འཇོག་པར་ཡིད་ཆེས་ཀྱིས་བརྟས་འདུག

དགེ་སློབ་མཉམ་ལེན།
རེབ་འདིའི་དམངས་གླུ་འགྲན་བསྡུར་མཇུག་སྒྲིལ་ཁར་དཔྱད་འདེམ་པའི་འཐུས་ཚབ་ཀྱིས་དམངས་གླུ་འགྲན་བསྡུར་གྱི་ཐོག་མཐའ་བར་གསུམ་ལ་གཞིགས་ཏེ་འགྲན་ཞུགས་པའི་མི་འདང་ས་དང་རྗེས་ཕྱོགས་དམངས་གླུ་ལེན་སྟངས་ཐད་དོ་སྣང་བྱེད་དགོས་པ་སློབ་སྟོན་གྱི་ཚུལ་དུ་གསུང་དྲི་མ་མེད་པ་གནང་རྗེས་མདོ་འཛིན་པ་གཉིས་ཀྱིས་ཨང་རིམ་བསྒྲགས་ཏེ་བྱ་དགའ་གནང་ནས་རྒྱལ་ཁའི་ངང《གངས་ལྗོངས་ཀྱི་མུ་ཏིག》ཅེས་པའི་དམངས་གླུ་འགྲན་བསྡུར་གྱི་བྱ་འགུལ་བདེ་ལེགས་ངང་མཇུག་བསྡུས་པའོ།།