མཚོ་སྔོན་ཞིང་ཆེན་ལོ་ཆུང་གཞོན་ནུའི་ལག་གྲུག་འགྲན་སྡུར་དང་མཐོ་འབྲིང་ལག་གྲུག་འགྲན་སྡུར་ཟི་ལིང་དུ་བསྡུས།
རྩོམ་པ་པོ།:སྟག་རིག་འབྲུག་ཐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-10-10
ཀློག་གྲངས།:

མཚོ་སྔོན་ཞིང་ཆེན་ལོ་ཆུང་གཞོན་ནུའི་ལག་གྲུག་འགྲན་སྡུར་དང་སྐབས་དང་པོའི་མཐོ་འབྲིང་ལག་གྲུག་འགྲན་སྡུར་ཟི་ལིང་དུ་བསྡུས།
སློབ་རའི་རིག་གནས་སྒྱུ་རྩལ་སྔོག་འདོན་དང་ལོ་ཆུང་གཞོན་ནུའི་ཕྱོགས་བསྡུས་སྤུད་ཚད་མཐོར་འདེགས་གཏོང་བ། ཐུན་མོང་གི་ཚོགས་སྤྱིའི་སྟོབས་ཤུགས་སྲ་བརྟན་དུ་བསྐྱེད་པ་བཅས་ལ་དམིགས་ནས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་ཞིང་ཆེན་སློབ་གསོ་ཐིན་གཉིས་ཀྱིས་གཙོ་སྒྲུབ་མཛད་ཅིང་། ཞིང་ཆེན་ལག་གྲུག་ལུས་རྩལ་མཐུན་ཚོགས་ཀྱིས་རོགས་སྒྲུབ་མཛད་པའི2016ལོའི་མཚོ་སྔོན་ཞིང་ཆེན་ལོ་ཆུང་གཞོན་ནུའི་ལག་གྲུག་འགྲན་སྡུར་དང་སྐབས་དང་པོའི་མཐོ་འབྲིང་ལག་གྲུག་འགྲན་སྡུར་དེ་ཟླ10བའི་ཚེས1ནས་ཚེས4བར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ལུས་རྩལ་ར་བ་རུ་སྤེལ།

འགྲན་བསྡུར་གྱི་ཡུལ་དངོས།
རེབ་འདིའི་འགྲན་སྡུར་ལ་མཚོ་ནུབ་དང་མཚོ་ལྷོ། མཚོ་བྱང་། ན་གོར་མོ། མཚོ་ཤར་དང་ཟི་ལིང་སོགས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་འགའི་དམའ་འབྲིང་སྐྱེས་པ་དང་སྐྱེས་མའི་ལག་གྲུག་རུ་ཁག་དང་མཐོ་འབྲིང་སྐྱེས་པ་དང་སྐྱེས་མའི་རུ་ཁག་ཉེར་བཞི་ཙམ་ཞུགས་ཡོད། ལོ་ངོ་མང་པོའི་རིང་ལ་ཞིང་ཆེན་རིམ་པའི་ལོ་ཆུང་གཞོན་ནུའི་ལག་གྲུག་འགྲན་སྡུར་ད་བར་དུ་སྤེལ་མ་མྱོང་ལ། ཐེངས་འདིའི་འགྲན་སྡུར་ནི་གཞི་རྒྱ་ཅུང་ཆེ་ཞིང་ཚད་ཅུང་མཐོ་བའི་འགྲན་སྡུར་ཞིག་ཡིན་པས། རྩ་འཛུགས་ཨུ་ཡོན་དང་ཤན་འབྱེད་པ་རྣམ་པས་གཟབ་ནན་དང་འདྲ་མཉམ། དྲང་བདེན་གྱི་དགོངས་དོན་གཞིར་བཟུང་སྟེ་རྒྱ་ཆེའི་ལྟད་མོ་བ་དང་འགྲན་ཞུགས་པ་ཚོར་འཇོན་ནུས་སྔོག་འདོན་གྱི་གོ་སྐབས་ལེགས་པོ་ཞིག་སྤྲད།

འགྲན་ཞུགས་རུ་ཁག
འགྲན་སྡུར་གྱི་གོ་རིམ་ཁྲོད་དུ་འགྲན་ཞུགས་པ་ཚོས་སྣེ་ཁྲིད་དགེ་རྒན་གྱི་བཀོད་འདོམས་འོག་ཐུན་མོང་གི་མཉམ་འབྲེལ་བརྒྱུད་དེ་རང་རང་གི་སྟོབས་ཤུགས་ཡོད་དགུ་ཕུད་ཅིང་གཞོགས་འདེགས་ཤུགས་རྒྱག་པ་ཚོའི་གཟེངས་མཐོ་བའི་ཀི་སྒྲ་དང་འབོད་ཚིག་སྙན་མོའི་ཁྲོད་རེ་མཐོ་རེ་དམའི་སྐར་གྲངས་འཕར་སྣོན་ལ་ཕྱོགས་ཁག་སོ་སོར་ཁོག་དཔུང་ལ་རྒྱའི་མེ་ལྕེ་དགུང་ལ་འཕྱུར་དུ་བཅུག

བྱ་དགའ་ཐོབ་པའི་རུ་ཁག
བསྟུད་མར་ཉིན་ལྔའི་ཛ་དྲག་གི་འགྲན་སྡུར་འཁྲུག་ཆ་དོད་པོ་བརྒྱུད་དམའ་འབྲིང་སྐྱེས་པའི་རུ་ཁག་ལས་མཚོ་ལྷོ་ས་ཁུལ་གྱི་འཐུས་ཚབ་སློབ་གྲྭ་སྟེ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཨང་དང་པོའི་གསེར་གྱི་རྟགས་མ་བླངས་པ་དང་དམའ་འབྲིང་སྐྱེས་མའི་རུ་ཁག་ལས་ཀྱང་མཚོ་ལྷོ་ས་ཁུལ་གྱི་འཐུས་ཚབ་སློབ་གྲྭ་སྟེ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཨང་དང་པོའི་གསེར་གྱི་རྟགས་མ་བླངས་པ་ཡིན་ལ། ཐེངས་འདིའི་བྱ་དགའ་ནི་ཁྲི་ཀ་རྫོང་གིས༡༩༨༤ལོའི་ཚུན་གྱི་ལོ་ངོ༣༢རིང་ཞིང་ཆེན་རིམ་པ་ནས་ཆེས་ཐོག་མར་བླངས་པའི་མངོན་གསལ་གཟེངས་ཐོན་གྱི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པས། སློབ་གྲྭ་འདིས་མཚོ་ལྷོ་ཁྲི་ཀ་ས་ཆར་ཟིན་ཐོ་གསར་བའི་ལོ་རྒྱུས་བསྐྲུན་པ་རེད། དེར་བསྟུན་སྒོས་མཐོ་འབྲིང་སྐྱེས་པའི་རུ་ཁག་ལས་ན་གོར་མོ་རུ་ཁག་ལ་ཐུན་མོང་གི་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ་པ་དང་། མཐོ་འབྲིང་སྐྱེས་མའི་རུ་ཁག་ལས་ཀྱང་ན་གོར་མོ་རུ་ཁག་ལ་ཐུན་མོང་གི་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ་ཅིང་། མི་སྒེར་བྱ་དགའ་ལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་ལུས་རྩལ་དགེ་རྒན་རྡོ་རྗེ་ཚེ་བརྟན་དང་ཅཱ་ཞོ་ཧྥིན་གཉིས་ལ་ཞིང་ཆེན་རིམ་པའི་ཕུལ་བྱུང་སྣེ་སྟོན་དགེ་རྒན་གྱི་མཚན་སྙན་བསྩལ་པ་དང་། སློབ་གྲོགས་སྙིང་ལོ་རྒྱལ་ལ་ཆེས་རིན་ཐང་ཡོད་པའི་ལྒང་རྒྱག་པའི་མཚན་སྙན་དང་སློབ་གྲོགས་སྟོབས་ལྡན་དབང་རྒྱལ་དང་བང་ཅོན་གཉིས་ལ་ལུས་རྩལ་ཀུན་སྤྱོད་དཔེ་ལེགས་ཅན་གྱི་མི་སྒེར་མཚན་སྙན་བཅས་བསྩལ་བ་རེད།