མང་རྫོང་དུ་དམངས་སྲོལ་རིག་གནས་དཔེ་ཚོགས་པར་དུ་བསྐྲུན་པ།
མང་རྫོང་དུ་དམངས་སྲོལ་རིག་གནས་དཔེ་ཚོགས་པར་དུ་བསྐྲུན་པ།
མང་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་ས་གནས་ཀྱི་སྲོལ་རྒྱུན་དམངས་ཁྲོད་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གྱི་ཉིང་དགོས་ལ་གཞིགས་ནས། རྫོང་ཨུ་དང་སྲིད་གཞུང་གི་ཡང་དག་འགོ་ཁྲིད་རྒྱུན་འཁྱོངས་དང་། སྒོས་སུ་རྫོང་དཔོན་འབྲུག་འབུམ་རྒྱལ་གྱི་ཐུགས་འདུན་ལྟར་མང་རྫོང་ས་ཆའི་དམངས་སྲོལ་རིག་གནས་སྐོར་ཞིག་འཚོལ་སྡུད་དག་སྒྲིག་དང་། དཔར་བསྐྲུན་འགྲེམ་སྤེལ་གྱི་འཆར་འགོད་བཟོས་ལ། ཉེ་ཆར་ཡང《དམངས་གླུ་ཁུ་བྱུག་གསུང་སྙན》དང་། 《ལ་གཞས་འཇོལ་མོའི་གྲེ་འགྱུར》། 《བཤད་པ་རྣ་བའི་བུ་རམ》བཅས་དཔེ་ཆ་ཁག་གསུམ་གྲུབ་སྟེ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་ཕུལ་ཐུབ་པ་བྱུང་།
རྩོམ་སྒྲིག་མི་སྣའི་མཉམ་པར།
དམངས་གླུ་ནི་དམངས་ཁྲོད་དུ་དར་ཁྱབ་ཆེ་ཞིང་ཚིགས་བཅད་ཀྱི་རྣམ་པ་ཚེག་བར་བདུན་མ་དང་བརྒྱད་མ་ཅུང་ཤུགས་ཆེ་ཞིང་། དབྱངས་རྟ་ངེས་ཅན་ཞིག་ལ་སྦྱར་ནས་དམིགས་བསལ་གྱི་ཁོར་ཡུག་ཏུ་ལེན་པའི་ངག་གི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པའི་ཆ་ནས། དེ་ནི་བརྗོད་དོན་ཟབ་ཅིང་བསྡེབས་ལེགས་པ། ངག་ལ་བདེ་ཞིང་རྣ་བར་སྙན་པའི་ཁྱད་ཆོས་ཡོད་པར་མ་ཟད། མི་དམངས་མང་ཚོགས་ཀྱི་འཚོ་བ་དང་བསམ་པའི་བརྩེ་དུངས། མཛེས་དཔྱོད་ལྟ་བ། སྒྱུ་རྩལ་ཐབས་ལམ་ལ་སོགས་དམངས་ཁྲོད་རང་བཞིན་གྱི་ཁྱད་ཆོས་མངོན་པར་གསལ་བོ་ཡིན་པས། དེབ་འདི་སྒྲིག་པའི་གོ་རིམ་ཁྲོད་དུ། མང་རྫོང་ཡུལ་གྱི་དམངས་ཁྲོད་གླུ་བ་གླུ་མ་མང་པོ་ཞིག་ལ་བཅར་འདྲི་བྱས་ཤིང་། སྒྲིག་རིམ་གྱི་ཆ་ནས་སྲོལ་རྒྱུན་གྱི་དམངས་གླུའི་ཁྱད་ཆོས་སྲོག་ཤིང་བྱས་ཐོག བརྗོད་བྱའི་ནང་དོན་དང་ལེན་སའི་ཁོར་ཡུག་ལ་དམིགས་ནས་ནང་གསེས་ཚན་པ་བཅུ་རུ་དབྱེ་ཡོད་པ་དང་། ཚན་པ་དེ་དག་ཀྱང་གླུ་སྒོ་ཕྱེས་པ་ནས་རྟེན་འབྲེལ་དང་སྐུ་བསྟོད་སོགས་རིམ་པ་བཞིན་གོ་རིམ་སྒྲིག་སྟེ་བཀྲ་ཤིས་སྨོན་ལམ་གྱི་བར་དུ་ཆ་ཚང་བར་བཀོད་ཡོད།
ལ་གཞས་ནི་ཨ་མདོའི་དམངས་ཁྲོད་ཀྱི་གླུ་གཞས་རིགས་ཤིག་གི་མིང་སྟེ། ན་གཞོན་ཕོ་མོས་རང་དབང་རང་འཐད་ཀྱིས་ཕན་ཚུན་ལ་བརྩེ་དུངས་སྟོན་པའི་སྐད་ཆའི་སྒྱུ་རྩལ་ཁྱད་པར་བ་ཞིག་པས། དེ་ལ་ལུས་ཚིགས་བཅད་ཚེག་བར་བདུན་མ་དང་བརྒྱད་པ་ཡིན་ཞིང་དབྱངས་རྟ་དང་ནང་དོན་གྱི་ཆ་ནས་དམངས་གླུ་དང་ཁྱད་པར་ཤིན་ཏུ་ཆེ་བས། འདིར་དེབ་འདིའི་སྡུད་སྒྲིག་པ་དམངས་ཁྲོད་རྩོམ་རིག་དུས་དེབ《དུང་བརྡ》ཡི་གཙོ་སྒྲིག་པ་འབུམ་བྱམས་རྒྱལ་གྱིས་ལོ་མང་པོའི་རིང་ལ་མང་རྫོང་ཡུལ་གྱི་དམངས་ཁྲོད་གླུ་བ་གླུ་མ་མང་པོ་ཞིག་ལ་བཅར་འདྲི་བྱས་ཤིང་། ཁོ་ཚོའི་ངག་ཐོག་གི་རིག་གནས་སྒྱུ་རྩལ་གྱི་རྣམ་གྲངས་འདི་ཉིད་འཚོལ་སྡུད་དང་དག་སྒྲིག་བྱས་ནས་ཉམས་པ་སོར་ཆུད་དང་མ་ཉམས་རྒྱུད་འཛིན། མ་འོངས་དར་སྤེལ་བཅས་ཀྱི་དམིགས་ཡུལ་གྱིས་སྲོལ་རྒྱུན་གྱི་ལ་གཞསཀྱི་ཁྱད་ཆོས་སྲོག་ཤིང་བྱས་ཐོག བརྗོད་བྱའི་ནང་དོན་དང་ལེན་སའི་ཁོར་ཡུག་ལ་དམིགས་ནས་ཨ་མདོའི་མང་རྫོང་ཡུལ་དུ་དར་ཁྱབ་ཆེ་བའི་ལ་གཞས་ཀྱི་རིགས་བགར་སྟངས་ལྟར་རྩེད་འགོ་རྩོམ་པ་དང་རོགས་འགྲོགས་པ། རོགས་མཐུན་པ། རོགས་དྲན་པ་ལ་སོགས་ནང་བསེས་དབྱེ་བ16ཕྱེས་ཡོད་ཡོད།
བཤད་པ་ནི། དམངས་གླུ་དང་ལ་གཞས་ནང་བཞིན་བོད་རིགས་དམངས་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ་ལ། ནང་དོན་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཏེ། དེ་ལ་དང་པོ་བསྐལ་བའི་ཆགས་རིམ་དང་འགྲོ་བ་མི་ཡི་བྱུང་ཚུལ་ལ་སོགས་ཕྱིའི་རང་བྱུང་ཁོར་ཡུག་གི་བསྟོད་པ་དང་། རྟ་ནོར་ལུག་གསུམ་གྱི་བཤད་པ་ལ་སོགས་ནང་བཅུད་ཀྱི་སེམས་ཅན་གྱི་བསྟོད་པ། དེ་བཞིན་དུ་གཉེན་བཤད་དང་སྟོན་བཤད། ཇ་བཤད་དང་ཆང་བཤད་ལ་སོགས་རིགས་མང་པོ་ཡོད་པས། འདིར་གཙོ་བོ་མདོ་སྨད་མང་རྫོང་ས་ཁུལ་གྱི་དམངས་ཁྲོད་བཤད་པའི་རྨང་གཞིའི་སྟེང་དུ། མང་རྫོང་ཡུལ་གྱི་བཤད་པ་བ་གྲགས་ཅན་རྡོ་རའི་འབྲུག་འབུམ་རྒྱལ་གྱི་བཤད་པའི་ཆེད་སྒྲིག་སྒྲ་ཐག《གངས་ཅན་གནས་བསྟོད》དང་བཤད་པའི་ཆེད་སྒྲིག་འོད་སྡེར《འཛམ་གླིང་སྤྱི་བསྟོད》 ། དགེ་རྒན་རྟ་ལོ་ཐར་གྱི་དམངས་ཁྲོད་ཆེད་རྩོམ་དེབ《མང་རའི་ཡུལ་གྱི་གཉེན་སྲོལ》། མཚོ་ལྷོ་མང་ཚོགས་སྒྱུ་རྩལ་ཁང་གི་དམངས་ཁྲོད་རིག་གནས་དཔེ་ཚོགས་ལས《བཤད་པ》སོགས་སྒྲ་གཟུགས་ཡིག་གསུམ་གྱི་རྒྱུ་ཆར་ཟུར་ལྟའི་སྒོ་ནས་སྒྲིག་པ་ཡིན།
དཔེ་ཚོགས་འདི་སྒྲིག་པའི་དུས་སུ། གཅིག་ནས་ང་ཚོར་སྡུད་སྒྲིག་གི་དུས་ཚོད་ཐུང་བ་དང་བསྡུ་ཡུལ་གྱི་ཁྱབ་ཁོངས་ཆུང་བ། གཉིས་ནས་ང་ཚོར་སྡུད་སྒྲིག་གི་ཉམས་མྱོང་ཞན་པ་དང་ཆེད་ལས་ཀྱི་ཤེས་བྱ་དམན་པ་བཅས་ཀྱི་དབང་གིས། མང་རྫོང་ཡུལ་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བའི་དམངས་ཁྲོད་རྩོམ་ལུས་འདི་དག་གཅིག་ཀྱང་མ་ལུས་པར་ཡིག་ཐོག་ཏུ་ཕབ་མ་ཐུབ་པ་མ་ཟད། ངག་ཐོག་ཡུལ་སྐད་ཀྱི་ཁྱད་ཆོས་ཇི་མ་ཇི་བཞིན་ཡིག་ཐོག་ཏུ་བཀོད་ཡོད་པས། དམངས་ཁྲོད་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་གསལ་ནའང་ཡིག་ཐོག་གི་དག་ཆ་གསལ་བོར་ཐོན་མེད་ས་ཡོད་སྲིད་པས། འདིར་རྒྱ་ཆེ་བའི་ཀློག་པ་པོ་དང་ལ་གཞས་ལ་དགའ་མོས་ཅན་གྱི་བོད་རིགས་བུ་བུ་མོ་དག་གིས་དགོངས་འཆར་དང་རྒྱུ་ཆ་མཁོ་འདོན་བྱེད་པའི་རེ་བ་ཆེའོ།།