logo

མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས་སྐོར་གྱི་རིག་གཞུང་དཔྱད་གླེང་གྲོས་ཚོགས་ཟི་ལིང་ནས་བསྡུས།

རྩོམ་པ་པོ།:བཀྲ་ཤིས་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། དུས་ཚོད།:2016-08-19 ཀློག་གྲངས།:


མཚོ་སྔོན་ཞིང་ཆེན་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ཚོགས་པའི་ཀྲུའུ་རིན་
གཞོན་པ་སྟག་འབུམ་ཐར་གྱིས་གསུང་བཤད་གནང་བཞིན་པ།

མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས་སྐོར་གྱི་རིག་གཞུང་དཔྱད་གླེང་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།
དེ་སྔའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པའམ།
མཚོ་བོད་མཐོ་སྒང་གི་ཞིབ་འཇུག་ཚོགས་པའི་ལས་འཛིན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ།


ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དབུ་འཛིན་ཚེ་རིང་ཐར།

     སྤྱི་ཟླ8པའི་ཚེས11ཉིན་གྱི་སྔ་དྲོའི་དུས་ཚོད9:00ཡི་སྟེང་། མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས་སྐོར་གྱི་རིག་གཞུང་དཔྱད་གླེང་གྲོས་ཚོགས་དེ་གནའ་མཁར་ཟི་ལིང་གི་ཟ་འོག་དར་ལམ་རྒྱལ་སྤྱིའི་གསོལ་ཁང་དུ་གཟབ་རྒྱས་ངང་སྤེལ་ཞིང་། ཐེངས་འདིའི་དཔྱད་གླེང་གྲོས་ཚོགས་སྟེང་དུ། པེ་ཅིན་དང་ཡུན་ནན། ཀན་སུའུ། བོད་ལྗོངས་སོགས་ཀྱི་སློབ་ཆེན་དང་ཞིབ་འཇུག་སྡེ་ཁག དེ་མིན་ས་གནས་ཀྱི་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་སོགས་ནས་ཕེབས་པའི་ཆེད་མཁས་པ་བརྒྱ་ལྷག་ཞུགས་ཡོད།
     ཐེངས་འདིའི་ཚོགས་འདུ་ནི་མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས་ཀྱི་རྣམ་གྲངས་ཚོ་ཆུང་གིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ཞིབ་འཇུག་ཁང་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་རོགས་སྒྲུབ་གནང་བ་ཞིག་རེད།
     དཔྱད་གླེང་གྲོས་ཚོགས་ཀྱི་མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ཚོགས་པའི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་གྱིས་མཚོ་བོད་མཐོ་སྒང་ལ་ཆ་མཚོན་ན་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ཡིན་པར་མ་ཟད། ཀྲུང་ཧྭའི་ཆུ་གཏེར་ཆེན་མོའང་ཡིན་པས། རི་ཆུས་ས་གནས་ཀྱི་རིག་གནས་བསྐྲུན་ཞིང་ས་གནས་རིག་གནས་དེ་ནི་རི་ཆུ་ལ་སྲུང་སྐྱོབ་བྱེད་པའི་ཐབས་དམ་པ་ཡིན་ཚུལ་དང་། མཚོ་བོད་མཐོ་སྒང་གི་གནས་བབ་ལ་གཞིགས་ཏེ་རི་ཆུའི་རིག་གནས་ལ་སྲུང་སྐྱོབ་བྱེད་དགོས་པའི་དགེ་མཚན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་དང་འབྲེལ་ཏེ་མུ་མཐུད་དུ་རི་ཆུའི་རིག་གནས་སྔོག་འདོན་དང་སྲུང་སྐྱོབ་བྱེད་དགོས་པའི་ཐད་ལ་རེ་བ་བཏོན།
     དེ་སྔའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པའམ། མཚོ་བོད་མཐོ་སྒང་གི་ཞིབ་འཇུག་ཚོགས་པའི་ལས་འཛིན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས་ངོས་ཐད་ཀྱི་ཞིབ་འཇུག་བྱ་གཞི་རགས་བསྡུས་ཀྱིས་ངོ་སྤྲོད་བྱས་ཤིང་། དང་ཐོག་འདི་འདྲའི་ལས་གཞི་ཞིག་གི་མགོ་རྩོམ་དགོས་པའི་ཐོག་མའི་ཀུན་སློང་དང་འབྲེལ་ནས། ད་ལྟའི་བར་དུ་མཚོ་བོད་མཐོ་སྒང་ཞིབ་འཇུག་ཚོགས་པས་མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་སྲུང་སྐྱོབ་དང་སྔོག་འདོན་བྱས་པའི་དཀའ་ཁག་དང་རྒྱུད་རིམ། གྲུབ་འབྲས་དང་འཆར་འགོད་བཅས་ཀྱི་ཐད་ནས་གསུང་བཤད་གནང་བར་མ་ཟད། མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་ཀྱི་གླགས་བམ་ལས། ཡོངས་གྲུབ་བྱས་ཟིན་པའི《མཚོ་ལྷོའི་གླགས་བམ》ཞེས་པ་སྐུ་མགྲོན་ལྷན་རྒྱས་ཡོངས་ལ་ལེགས་སྐྱེས་སུ་ཕུལ།
     བོད་རིག་པའི་ཆེད་མཁས་པ་གྲགས་ཅན་པ་སངས་དབང་འདུས་ལགས་ཀྱིས་གནའ་བོའི་བོད་ཀྱི་གཞི་བདག་དང་མེས་པོའི་དད་གུས་ཞེས་པ་ལས། བོད་མི་རིགས་ཀྱི་གནའ་བོའི་གཞི་བདག་དང་གནའ་བོའི་ཚོ་ཁག་བར་གྱི་འབྲེལ་བ་བརྗོད་དེ་དཔའ་བོ་གཞི་བདག་ཏུ་བཀུར་སྲོལ་ཡོད་པའི་བྱུང་བ་དེ་དག་དཔེ་བརྗོད་ཀྱི་ལམ་ནས་གསལ་འགྲེལ་བྱས།
     ཕྱི་དྲོའི་དུས་ཚོད་གཅིག་གི་སྟེང་། མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས་སྐོར་གྱི་རིག་གཞུང་དཔྱད་གླེང་གྲོས་ཚོགས་ཀྱི་དཔྱད་རྩོམ་སྙན་ཞུ་ཕུལ།
     ཉིན་གཉིས་རིང་གི་དཔྱད་གླེང་གྲོས་ཚོགས་ཁྲོད། མིང་དུ་གྲགས་པའི་བོད་རིག་པའི་ཆེད་མཁས་པ་པ་སངས་དབང་འདུས་དང་ཚེ་རིང་ཐར། ཡུན་ནན་མི་རིགས་སློབ་ཆེན་གྱི་ཆེད་མཁས་པ་ཡུའུ་ཏན། ཀྲུང་གོའི་ཚན་རིག་གླིང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་འགན་འཛིན་གཞོན་པ་ཀྲོའུ་ལེའུ་ཕིན། ཟི་ཁྲོན་སློབ་ཆེན་གྱི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་འགན་འཛིན་གཞོན་པ་ཧྲུའུ་ཧྲོ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་རྒྱ་ཡེ་བཀྲ་བྷོ་སོགས་གཙོས་བོད་རིགས་ཆེད་མཁས་པ་བཞི་བཅུ་ལྷག་གིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དང་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་སྒོ་ནས་དཔྱད་གླེང་བྱས།
     ཐེངས་འདིའི་དཔྱད་གླེང་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི། གཅིག རི་ཆུའི་རིག་གནས་དང་ས་གནས་ལོ་རྒྱུས། དད་མོས་དང་ཁས་ལེན་ཞེས་པ། གཉིས། རི་ཆུའི་རིག་གནས་ཀྱི་ཡུལ་དངོས་བརྟག་དཔྱད་ཞིབ་འཇུག་དང་བྱེད་ཐབས། གསུམ། བོན་ཆོས་ཞིབ་འཇུག་ཁྲོད་ཀྱི་རི་ཆུའི་རིག་གནས། བཞི། རི་ཆུའི་རིག་གནས་དང་ཁོར་ཡུག་སྲུང་སྐྱོབ། ཡིག་ཚགས་ཁྲོད་ཀྱི་རི་ཆུའི་རིག་གནས་བཅས་ཡིན་ལ། དམིགས་ཡུལ་ནི་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་སྲུང་སྐྱོབ་བྱེད་པ་བརྒྱུད་ནས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་སྔོན་ཐོན་གྱི་སྐྱེ་ཁམས་འདུ་ཤེས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་རྟོགས་ཇེ་མཐོར་བཏང་སྟེ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་ནས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་འཇོག་རྒྱུ་དེ་ཡིན།
     ཐེངས་འདིའི་གདན་ཞུའི་སྐུ་མགྲོན་ཨ་ལགས་དོར་ཞི་ཚང་གིས་བསྐུར་བའི་ཕྱག་འཕྲིན《བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བ་ནི་ཤེས་རབ་ཅིག་ཡིན་པ་དང་། བོད་མི་རིགས་ཀྱི་རང་བྱུང་སྐྱེ་ཁམས་ལྟ་བ་ཡིས་དེང་རབས་རིན་ཐང་ཐད་ཐོན་པའི་དོན་སྙིང》ཞེས་པ་གྲོས་ཚོགས་ཡུལ་དངོས་སུ་སྒྲོག་འདོན་བྱས།


འབྲེལ་ཡོད་འོས་སྦྱོར།