logo

སྒྲུང་རིང《 མེ་ཏོག་དང་རྨི་ལམ 》གྱི་དཔྱད་མོལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:ཧོར་བུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-08-02 ཀློག་གྲངས།:

ཚེ་རིང་དབྱངས་སྐྱིད་
སྒྲུང་རིང《 མེ་ཏོག་དང་རྨི་ལམ 》གྱི་དཔྱད་མོལ་ཚོགས་འདུ་ཚོགས་པ།


རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ལ་ཁ་བཏགས་འཐེན་བཞིན་པ།

     སྤྱི་ཟླ7པའི་ཚེས29ཉིན་གྱི་ཕྱི་དྲོ། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་དང《བོད་ལྗོངས་རྩོམ་རིག་སྒྱུ་རྩལ》རྩོམ་སྒྲིག་པུའུ་ཡིས་གཙོ་གཉེར་བྱས་པའི་ཚེ་རིང་དབྱངས་སྐྱིད་ཀྱི་བརྩམས་སྒྲུང་རིང་གྲས《མེ་ཏོག་དང་རྨི་ལམ》ཞེས་པའི་དཔྱལ་མོལ་ཚོགས་འདུ་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་སུ་འཚོགས་ཤིང་། ལྗོངས་ཡོངས་ཀྱི་ལས་རིགས་ཁག་དང་སློབ་གླིང་ཁག་གི་རྩོམ་རིག་དཔྱད་བརྗོད་པ་དང་རྩོམ་པ་པོ20ལྷག་ཙམ་ཚོགས་འདུར་ཞུགས་ཡོད།
     ཚེ་རིང་དབྱངས་སྐྱིད་ནི་བོད་རང་སྐྱོང་ལྗོངས་ཀྱི་བོད་ཡིག་ཐོག་ནས་བརྩམས་སྒྲུང་གསར་རྩོམ་གནང་མཁན་ཁྲོད་ཀྱི་ཕུལ་དུ་བྱུང་བའི་རྩོམ་པ་པོ་ཞིག་ཡིན་ཞིང་། ཁོང་གིས་བརྩམས་པའི་བརྩམས་སྒྲུང《རི་རྩེའི་སྤྲིན་དཀར》ཞེས་པར་སྐབས་དགུ་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ་དང《སྦྲང་ཆར》རྩོམ་རིག་བྱ་དགའ་ཐོབ་མྱོང་ཡོད། བརྩམས་སྒྲུང་རིང་གྲས《མེ་ཏོག་དང་རྨི་ལམ》ནི་རང་ལྗོངས་ཀྱི་བོད་རིགས་བུད་མེད་རྩོམ་པ་པོས་བོད་ཡིག་ཐོག་ནས་བརྩམས་པའི་བརྩམས་སྒྲུང་རིང་གྲས་དང་པོ་དེ་ཡིན་པ་དང་། རྩོམ་དེབ་དེ་དཔེ་སྐྲུན་བྱས་རྗེས་བོད་ལྗོངས་སུ་བུད་མེད་རྩོམ་པ་པོས་བོད་ཡིག་ཐོག་ནས་བརྩམས་པའི་བརྩམས་སྒྲུང་རིང་གྲས་མེད་པའི་སྟོང་ཆ་བསྐང་ཡོད།
     ད་ཐེངས་ཁོང་གིས་གསར་རྩོམ་གནང་བའི་བརྩམས་སྒྲུང་རིང་གྲས《མེ་ཏོག་དང་རྨི་ལམ》ཞེས་པའི་ནང་གི་མི་སྣ་གཙོ་བོ་གྲོང་གསེབ་ཀྱི་བུ་མོ་བཞི་ཡིས་བདེ་སྐྱིད་འཚོ་བར་རེ་བ་ཚད་མེད་འཆང་བཞིན་དུ་གྲོང་ཁྱེར་ནང་ཡོང་རྗེས། སྤྱི་ཚོགས་ཀྱི་རྙོག་འཛིང་དང་དཀའ་ཚེགས་ཆེ་བའི་འཚོ་བའི་མདུན་དུ་འ་ཆད་འུ་ཐུག་དང་ཡ་ང་སྙིང་རྗེའི་གནས་སུ་གྱར་ཏེ། མིག་མདུན་གྱི་དངོས་ཡོད་འཚོ་བར་མགོ་བོ་མ་སྒུར་རང་སྒུར་དུ་གྱུར་པའི་ཁོང་ཚོའི་སྐྱིད་སྡུག་ལ་ཕངས་སེམས་ཀྱི་དབུགས་རིང་ནར་ནར་དུ་བཏང་ཡོད་ལ། སྤྱི་ཚོགས་སྟེང་གི་སྣང་ཚུལ་ངན་པར་ཟུར་ཟ་སུན་འབྱིན་དང་། ཉམས་ཞན་ཚོགས་སྤྱིའི་ལས་དབང་ལ་གདུང་སེམས་མཉམ་སྐྱེ་བྱས་ཡོད།
     བོད་ལྗོངས་ཀྱི་རིག་གཞུང་གསར་རྩོམ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ་དང་རྒྱ་ཆེའི་རྩོམ་པ་པོས་ཕུལ་བྱུང་གི་བརྩམས་ཆོས་མང་ཙམ་རྩོམ་རྒྱུའི་སྐུལ་ལྕག་གཏོང་ཆེད། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་དང《བོད་ལྗོངས་རྩོམ་རིག་སྒྱུ་རྩལ》རྩོམ་སྒྲིག་པུའུ་ཡིས་རྩོམ་པ་པོ་མང་པོར་བརྩམས་ཆོས་དཔྱད་མོལ་ཚོགས་འདུ་འཚོགས་མྱོང་ཡོད། ཐེངས་འདིའི་ཚེ་རིང་དབྱངས་སྐྱིད་ཀྱི་བརྩམས་ཆོས་དཔྱད་མོལ་ཚོགས་འདུ་དེའང་དེའི་གྲས་ཤིག་ཡིན་ཞིང་། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་མཁས་དབང་དང་། རྩོམ་པ་པོ། འཁྲབ་གཞུང་རྩོམ་སྒྲིག་པ་སོགས་མང་པོས་ཁོང་གི་བརྩམས་ཆོས་ཀྱི་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་གྱི་རང་བཞིན། བརྗོད་དོན་སོགས་ཐད་ནས་གཏམ་བཤད་ལྷུག་པོར་གནང་ཡོད།


འབྲེལ་ཡོད་འོས་སྦྱོར།