logo

རྒྱལ་ཡོངས་བོད་རིག་པའི་ཆེད་མཁས་པ་ལྷན་དུ་འཛོམས་ཏེ་གནའ་བོའི་བོད་ཡིག་དཔྱད་གཞི་འཚོལ་ཞིབ་བྱེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-07-22 ཀློག་གྲངས།:


ཆེད་མཁས་པའི་ཚན་ཆུང་ཡུལ་དངོས་རྟོག་ཞིབ་བྱེད་པར་བསྐྱོད་པ།


ཆེད་མཁས་པའི་ཚན་ཆུང་གིས་ཡུལ་དངོས་རྟོག་ཞིབ་བྱེད་པ།

     ཉེ་ལམ། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན་སོགས་སློབ་ཆེན10ལྷག་དང་ཞིང་ལྗོངས་ལྔའི་བོད་ཁུལ་གྱི་ཆེད་མཁས་པ་དང་ཤེས་ཡོན་པ40ལ་ཉེ་བ་ཀན་ལྷོའི་འབྲུག་ཆུ་རུ་འཛོམས་ཏེ་ལྷན་གྱིས་གནའ་བོའི་བོན་ཆོས་ཀྱི་དཔྱད་གཞི་འཚོལ་ཞིབ་བྱས།
     ཆེད་མཁས་པའི་ཚན་ཆུང་གིས་ཡུལ་དངོས་སུ་བོན་ཆོས་དཔྱད་གཞིའི་རྒྱུན་འཛིན་གནས་བབ་ལ་རྟོག་ཞིབ་བྱས་ཤིང་། ཆེད་དུ་ཆོས་དཔེ་ཡོད་པའི་བོད་སྡེའི་ཁྱིམ་ཚང་ལ་སོང་སྟེ་ཉར་ཚགས་བྱས་པའི་དཔྱད་གཞི་ལ་བལྟས་པ་དང་། ཞིབ་ཕྲའི་ངང་དཔྱད་གཞིའི་ཡོང་ཁུངས་དང་རྒྱུན་འཛིན་བྱེད་ཐབས་སོགས་ཀྱི་གནས་ཚུལ་ལ་རྒྱུན་ལོན་བྱས། གསལ་འབྱེད་བྱེད་པའི་གོ་རིམ་ཁྲོད། ཆེད་མཁས་པ་རྣམས་ཀྱིས་དཔྱད་གཞིའི་ལོ་རབས་ཐད་དབྱེ་ཞིབ་དང་། དཔྱད་གཞིའི་ཉར་འཇོག་བྱེད་ཐབས་སོགས་ཀྱི་གནད་དོན་ཐད་ཁྲིད་སྟོན་རང་བཞིན་གྱི་བསམ་ཚུལ་བཏོན། ཁོ་ཚོས་བསྟན་དོན། བོན་ཆོས་ཀྱི་དཔྱད་གཞི་འདི་དག་ནི་མེས་པོ་རྣམས་ཀྱིས་བཞག་པའི་ཆེས་རིན་ཐང་བྲལ་བའི་རིག་གནས་ཤུལ་བཞག་ཅིག་ཡིན་པ་དང་། དེ་དག་སྲུང་སྐྱོབ་ལེགས་པོ་བྱེད་ཐུབ་ན་ནི་གནའ་བོའི་བོད་ཀྱི་དཔལ་ཡོན་གྱི་བསམ་པའི་ཤུལ་བཞག་ཉར་བ་རེད།

རྒྱལ་ཡོངས་བོད་རིག་པའི་ཆེད་མཁས་པ་ལྷན་དུ་འཛོམས་ཏེ་གནའ་བོའི་བོད་ཡིག་དཔྱད་གཞི་འཚོལ་ཞིབ་བྱེད་པ།
རྒྱལ་ཡོངས་བོད་རིག་པའི་ཆེད་མཁས་པ་དང་ཤེས་ཡོན་པའི་འབྲུག་ཆུའི་
བོན་ཆོས་དཔྱད་གཞིའི་བགྲོ་གླེང་ཚོགས་འདུ་བསྡུས་པ།


ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་གླིང་གཙོ་ཚེ་རིང་ཐར།


བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ།

     ཞིབ་ཕྲའི་རྟོག་ཞིབ་བྱས་རྗེས། རྒྱལ་ཡོངས་བོད་རིག་པའི་ཆེད་མཁས་པ་དང་ཤེས་ཡོན་པའི་འབྲུག་ཆུའི་བོན་ཆོས་དཔྱད་གཞིའི་བགྲོ་གླེང་ཚོགས་འདུ་འབྲུག་ཆུ་རུ་བསྡུས་ཤིང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་གླིང་གཙོའམ་འབུམ་རམས་པའི་དགེ་རྒན་ཚེ་རིང་ཐར་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ལྷོ་ནུབ་མི་རིགས་ཞིབ་འཇུག་གླིང་གི་ཞིབ་འཇུག་པའམ་འབུམ་རམས་པའི་དགེ་རྒན་ཐོགས་མེད། ལན་གྲུ་སློབ་ཆེན་ལོ་རྒྱུས་དང་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་འམ་འབུམ་རམས་པའི་དགེ་རྒན་ཆོས་འཕེལ། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་དགེ་རྒན་བཀྲ་ཤིས་ཚེ་རིང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོའམ་རབ་འབྱམས་པའི་དགེ་རྒན་འབྲུག་མོ་སྐྱིད། ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་མགོན་པོ་བཀྲ་ཤིས། ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་མཆོག་ལྡན་ཐར། དཀར་མཛེས་ཁུལ་ཡིག་ཚགས་ཅུའུ་ཞིབ་འཇུག་གླིང་གི་ཚེ་རིང་དོན་གྲུབ། ཡུན་ནན་བདེ་ཆེན་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའམ་དགེ་རྒན་ཆེན་མོ་པདྨ་ཚེ་རིང་། ཀན་ལྷོ་ཁུལ་བོད་སྐད་ཨུའི་འགོ་གཙོ་སྔོན་མ་དཀོན་ལོ། ཀན་སུའུ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གནའ་དཔེ་ཁང་གི་འགོ་གཙོ། ཀན་སུའུ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གནའ་དཔེ་ཁང་གི་འགོ་གཙོ་གཞོན་པ་བཀྲ་ཤིས་སྒྲོལ་མ་སོགས་ཐེངས་འདིའི་བགྲོ་གླེང་ལ་ཞུགས།


བོན་ཆོས་ཀྱི་དཔྱད་གཞི།


བོན་ཆོས་ཀྱི་དཔྱད་གཞི།


བོན་ཆོས་ཀྱི་དཔྱད་གཞི།

     ཆེད་མཁས་པའི་ཚན་ཆུང་གིས་ཐོག་མའི་རྟོག་ཞིབ་གནང་བ་སྟེ། དཔྱད་གཞི་འདི་དག་དུས་རབས10ནས་དུས་རབས13བར་བཤུས་འབྲི་བྱས་སྲིད་ནའང་། དེའི་དཔེ་ཆའི་ནང་དོན་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། ཡང་ན་བོད་ཀྱི་གནའ་བོའི་དཔལ་ཡོན་གྱི་འབྱུང་ཁུངས་སུ་གཏུགས་ཆོག་པ་འདྲ། སྲིད་པའི་བོན་མང་ཆེ་ཤོས་དང་གཡུང་དྲུང་བོན་ཉུང་ཤོས་ཀྱི་དཔྱད་གཞིའི་ནང་དོན་གཙོ་བོ་ལ། གནམ་རིག་སྐར་རྩིས་དང་། གནམ་གཤིས། མོ་འདེབས། སྨོན་ལམ་དཔྱད་གཞི་སོགས་ཀྱི་ཕྱོགས་འདུས་ལ། ལོ་རྒྱུས་རིག་གནས་ཀྱི་རིན་ཐང་དང་རིག་དངོས་ཉར་ཚགས་ཀྱི་རིན་ཐང་། རིག་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན།
     བོན་ཆོས་ཀྱི་དཔྱད་གཞི་འདི་དག་ནི་འབྲུག་ཆུའི་འབབ་རྒྱུན་གྱི་བོད་རིགས་རིག་གནས་ཞིབ་འཇུག་བྱེད་པར་ཁུངས་གལ་ཆེན་འདོན་སྤྲོད་བྱས་པ་དང་། བོད་ཀྱི་གནའ་བོའི་རིག་གནས་འཚོ་བ་དངོས་འགོད་དང་། གནའ་བོའི་བོད་ཀྱི་སྐད་དང་ཡི་གེ  ཆོས་ལུགས་དད་མོས། གསོ་རིག  གནམ་རིག་སྐར་རྩིས། ཡིག་གཟུགས་སྒྱུ་རྩལ་སོགས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེ་ཆེར་ལྡན་ཞིང་། བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་གསར་བ་ཞིག་ཏུའང་འགྱུར་སྲིད།


འབྲེལ་ཡོད་འོས་སྦྱོར།