མདོ་སྨད་ཧེ་རུ་ཀའི་སྙན་དེབ་འགྲེམ་སྤེལ་དང་རྩོམ་རིག་གསར་རྩོམ་བགྲོ་གླེང་མཛད་སྒོ་བསྡུས་པ།
མདོ་སྨད་ཧེ་རུ་ཀའི་སྙན་དེབ་འགྲེམ་སྤེལ་དང་རྩོམ་རིག་གསར་རྩོམ་བགྲོ་གླེང་མཛད་སྒོ་བསྡུས་པ།
ཉེ་སྔོན། དཔལ་ལྡན་རྒྱ་མཚོའམ་མདོ་སྨད་ཧེ་རུ་ཀའི་སྙན་དེབ་འགྲེམ་སྤེལ་དང་རྩོམ་རིག་དཔྱད་གླེང་ཚོགས་འདུ་དེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་བའི་ལས་ཞུགས་ཚོམས་ཆེན་དུ་བསྡུས་ཤིང་། འབྲེལ་ཡོད་དགེ་རྒན་ཆེན་མོ་རྣམས་དང་སློབ་མ་མང་པོ་ཐེངས་འདིའི་ཚོགས་འདུར་ཞུགས་ཏེ་བགྲོ་གླེང་དཔྱིས་ཕྱིན་པ་གནང་བ་རེད།
ནུབ་བྱང་མི་རིགས་སློབ་ཆེན་ནས་དངོས་གཞི་དང་རབ་འབྱམས་པ། འབུམ་རམས་པ་གསུམ་གྱི་བསླབ་གནས་བླངས་པའི་དཔལ་ལྡན་རྒྱ་མཚོར་མཚོན་ན། སློབ་ཆེན་སྐབས་ནས་བཟུང་རྩོམ་འབྲི་རྒྱུར་དགའ་ལ། ད་ལྟའི་བར་དུ་སྙན་ངག་དང་ལྷུག་རྩོམ། རྩོམ་རིག་དཔྱད་བརྗོད། དེ་མིན་དཔྱད་རྩོམ་སོགས་མང་པོ་བྲིས་མྱོང་ཡོད་ལ། ད་ལྟའི་བར་དུ་བརྩམས་ཆོས་ཀྱང་དེབ་བཞི་དཔར་བ་འདི་ཧ་ཅང་རིན་ཐང་ཆེ་བ་རེད། དེ་རིང་ཁོས་བརྩམས་ཆོས་འགྲེམ་སྤེལ་དང་རྩོམ་རིག་དཔྱད་གླེང་ཚོགས་འདུ་འདི་འདྲ་ཞིག་བསྡུས་པ་འདིའི་ངོས་ཐད་ནས་འདས་སོང་ལ་ཕྱིར་དྲན་རེ་བྱས་ན། ལོ་ངོ་མང་པོར་རྩོམ་འབྲིའི་སྨྱུག་ཁ་བཞག་མ་མྱོང་བ་འདི་ཤིན་ཏུ་གལ་ཆེ་ལ་ན་གཞོན་རྩོམ་འབྲི་བ་དག་གིས་ཡི་རང་བྱེད་དགོས་ས་ཞིག་ཀྱང་རེད། སྤྱིར་ན་བོད་ཀྱི་རྩོམ་རིག་ལ་མཚོན་ན་སྙན་ངག་འདི་ཧ་ཅང་གལ་ཆེ་སྟེ། འདས་པའི་ལོ་རྒྱུས་ནང་དུའང་སྙན་ངག་གིས་མ་ཁྱབ་པ་མེད་པ་ལྟ་བུར་གྲུབ་ཡོད་པས་ན་སྙན་ངག་གི་དེབ་འདི་འདྲ་ཞིག་དཔར་བ་དང་སྙན་ངག་གི་ཚོགས་འདུ་འདི་འདྲ་ཞིག་བསྡུས་པ་འདི་ཡང་ལེགས་པོར་མཐོང་།
སློབ་དཔོན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་ནས།
སློབ་དཔོན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང།
༡ དེང་སང་མང་མང་གི་འདོད་ཚུལ་ལ་རྩོམ་རིག་གི་གྲུབ་མཐའ་ཕྱི་མའི་ཕྱི་མ་སྔ་མའི་སྔ་མ་ལས་བཟང་ཞིང་། བརྩམས་ཆོས་ཀྱང་ཕྱི་མའི་ཕྱི་མ་སྔ་མའི་སྔ་མ་ལས་ཁྱད་དུ་འཕགས་པར་འདོད་ཀྱིན་འདུག་མོད། དོན་ལ་དེ་ལྟ་བུའི་སྔ་ཕྱིའི་དབྱེ་བ་མེད་པར་བརྩམས་ཆོས་རེ་རེ་རང་རང་གི་དུས་རབས་སུ་རིན་ཐང་མངོན་པ་རེད། ཤག་སེ་ཕེ་འེར་ལྟ་བུར་མཚོན་ནའང་། ཁོའི་རིན་ཐང་ནི་བརྩམས་ཆོས་རང་ངོས་དང་དུས་རབས་དེའི་ངོས་ནས་གྲུབ་པ་ཞིག་ཡིན་པ་ལས། དེའི་རྗེས་སུ་བྱུང་བའི་བརྩམས་ཆོས་རྣམས་དེ་ལས་བརྒལ་འདུག་ཅེས་ཤོད་སྲོལ་མེད།
༢ བོད་ཀྱི་རྩོམ་རིག་ལོ་ངོ་སུམ་ཅུར་འཕེལ་བའི་བརྒྱུད་རིམ་དུ། དང་བོར་རྣམ་པ་ཆིག་རྐྱང་བ་དང་མཚོན་ཐབས་ཐབས་ཐད་ལད་མོའི་རྣམ་པ་མང་། ཡིན་ཡང་རྗེས་སུ་རང་རང་གི་ཁྱད་ཆོས་མངོན་པ་རེད། དེ་བཞིན་ཡིད་བརྙན་སྙན་ངག་ལྟ་བུར་ཚོན་ནའང་། ཐོག་མར་ཡིད་བརྙན་བཀོད་སྒྲིག་བྱེད་ཐབས་དང་མཚོན་ཐབས་ནི་ཆིག་རྐྱང་བ་རུ་འདུག་མོད། རྗེས་ནས་ཡིད་བརྙན་སྙན་ངག་ལའང་རྩོམ་པ་པོ་རེ་རེེར་རང་རང་གི་ཁྱད་ཆོས་མངོན་ཀྱིན་འདུག ཁ་བ་སྙིང་ལྕགས་མཐོ་རིས་པོའི་སྙན་ངག་ལའང་ཁོ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་འདུག དེ་བཞིན་དཔལ་ལྡན་རྒྱ་མཚོའི་སྙན་ངག་ལའང་ཁོ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་འདུག ཡིད་བརྙན་གྱི་བཀོད་སྒྲིག་ལ་ཁོ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདུག འདི་ནི་བོད་ཀྱོ་རྩོམ་སྟེགས་ལ་མཚོན་ན་དགའ་འོས་པའི་དོན་དག་ཅིག་རེད། མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་ཚུལ་དུ། བོད་ཀྱི་རྩོམ་སྟེགས་བདེ་ཐང་ཡོང་དགོས་ན་མཚོན་ཐབས་སྣ་ཚོགས་དང་རྩོམས་སྟངས་སྣ་ཚོགས་འཛིན་པའི་རྩོམ་པ་པོ་དགོས་པ་རེད།
༣ དཔལ་ལྡན་རྒྱ་མཚོའི་སྙན་ངག་ལ་གཞན་ད་དུང་རོལ་དབྱངས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་། ཡུལ་དང་དུས་ཀྱི་ཁ་དོག་མངོན་པར་བཀྲ་བ་ཞིག་ཏུ་ཡོད་དེ། ཡུལ་གང་ཞིག་ལ་སླེབས་པའི་མཐོང་སྣེ་གཡར་ཏེ་ཕྱིར་རྟོག་དང་གཤིབ་བསྡུར་གྱི་ངང་ནས་ཐག་གཅོད་མེད་པར་གདམ་གསེས་ཀྱི་རང་བཞིན་ལས་སྙན་ངག་བཀྲམས་འདུག་པའི་ཁྱད་ཆོས་མངའ། སྤྱིར་ན་ངས་སྔོན་ཆད་བོད་ཀྱི་སྙན་ངག་ལ་འཕེལ་རྒྱས་མེད་པར་བཤད་མྱོང་ནའང་། ད་ལྟ་འདི་ལྟར་བལྟས་ཚེ། དེ་ལ་འཕེལ་རྒྱས་མེད་པ་ཞིག་ཏུ་མེད་པར་སྙན་ངག་པ་སོ་སོའི་མཐོང་སྣེ་མི་གཅིག་པའི་རང་རང་གི་ཁྱད་ཆོས་ཅན་གྱི་སྙན་ངག་བྲིས་ན་ལེགས་པར་ཡོང་སྙམ།
སློབ་དཔོན་ཆེན་མོ་བདུད་ལྷ་རྒྱལ་ནས།
སློབ་དཔོན་ཆེན་མོ་བདུད་ལྷ་རྒྱལ།
དཔལ་ལྡན་རྒྱ་མཚོའམ་མདོ་སྨད་ཧེ་རུ་ཀ་ནི་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི༢༠༠༠ལོའི་རྩོམ་རིག་འཛིན་གྲྭའི་སློབ་མ་ཡིན་ལ། ཁོ་ཚོའི་འཛིན་གྲྭ་དེར་ངས་ལོ་གཅིག་གི་རིང་ལ་སློབ་ཁྲིད་བྱེད་ཁུལ་བྱས་མྱོང་། ཁོ་ཚོའི་འཛིན་གྲྭ་ཅུང་ཁྱད་པར་བ་ཞིག་ཡིན་སྟབས། འཛིན་གྲྭ་དེའི་ནང་གི་སློབ་གྲོགས་མང་ཤས་ཤིག་ད་ལྟའང་ངའི་ཡིད་ན་ཡོད། དཔེར་ན། མཚོ་ལྷོའི་རིན་ཆེན་དོན་གྲུབ་དང་། ཆས་པ་རྡོ་རྗེ་དོན་གྲུབ། ཞིན་ཧྭ་པདྨ་དབང་རྒྱལ། རྒན་གྱའི་འཇིགས་བྱེད་འཚོ་སོགས།
དཔལ་ལྡན་རྒྱ་མཚོ་སློབ་ཆེན་ལོ་རིམ་གཉིས་པ་ཡིན་དུས་ཀྱི་ཉིན་ཞིག་ལ། 《ཉི་མ་ལུང་གི་ལྷ་འདྲེ》ཟེར་བའི་རྩོམ་དེབ་ཅིག་གི་མ་ཕྱི་ང་ལ་གཏད་དེ་བལྟ་རོགས་ཟེར། དེ་དུས་གངས་རྩེན་ལགས་ཀྱིས་ཀྱང《ཨ་མའི་རྩམ་རིན》ཟེར་བའི་སྙན་དེབ་ཅིག་དཔར་རྩིས་ཡོད་པ་ང་ལ་གཏད་དེ་ཞུ་དག་གནང་དགོས་ཟེར་བས། ངས་རང་གི་ཆུ་ཚད་དང་འཇོན་ཚོད་ཀྱིས་ཞིབ་ལྟ་བྱས་རྗེས། ཁོ་གཉིས་སོ་སོར་ང་རང་གི་བསམ་ཚུལ་རེ་བརྗོད་མོད། དཔལ་ལྡན་རྒྱ་མཚོས་སློབ་ཆེན་གྱི་འཚོ་བར་སྤྱི་སྡོམ་བྱེད་ཆེད་ཡིན་པས། སྙན་དེབ་འདི་ཅིས་ཀྱང་དཔར་རྒྱུ་ཡིན་ལ། སྒྲ་དོན་ཉིས་ཆ་ན་ཞན་སྐྱོན་ཡོད་སྲིད་ན་ཡང་། འདི་ནི་སློབ་གྲྭ་པ་ཞིག་གིས་གསར་རྩོམ་སྦྱོང་བརྡར་གྱི་ཚུལ་གྱིས་བྲིས་པ་ཡིན་སྟབས། སྤྱི་ཚོགས་སུ་དམིགས་བསལ་ཡོད་ངེས་ཡིན་ཟེར། སྐད་ཆ་དེས་ཁོའི་སློབ་ཆེན་ལོ་བཞིའི་རིང་གི་སློབ་སྦྱོང་གི་དམིགས་ཡུལ་གསལ་བོ་ཡིན་པ་མ་ཟད། ཡར་སེམས་དང་ཧུར་བརྩོན། སྤོབས་པ་དང་སྙིང་སྟོབས་ཡོད་པ་ཡང་མཚོན་ཡོད།
རང་རེའི་སློབ་གྲྭའི་ནང་ན་དངོས་གཞི་སློབ་མ་ཡིན་དུས། བརྩམས་དེབ་དཔར་བཏང་བའི་བུ་མོ་ད་སྔ་གཅིག་ཀྱང་མེད་ལ། བུ་ཚོའི་ནང་ནའང་ཧ་ཅང་དཀོན་པས། འདིར་ཚོགས་སློབ་གྲོགས་ཚོས་དཔལ་ལྡན་རྒྱ་མཚོ་ལྟ་བུ་ལ་རྗེས་སུ་ཡི་རང་བྱེད་འོས་པ་དང་མིག་དཔེར་འཛིན་འོས།
སློབ་མཐར་ཕྱིན་ཏེ་སྤྱི་ཚོགས་ལ་ཞུགས་པའི་ལོ་བཅུ་གཉིས་འདིའི་རིང་ལ། ཁོས་རང་ཉིད་དགའ་སའི་རྩོམ་རིག་གསར་རྩོམ་གྱི་ལས་ཀ་དུས་ཀུན་ཏུ་མ་ལྷོད་པར་འབད་འབུངས་བྱས་པས་ན། གངས་རྒྱན་མེ་ཏོག་སོགས་ཀྱི་རྩོམ་རིག་བྱ་དགའ་ཐོབ། ཁོའི་ལས་ཁུངས་ནང་གི་དགེ་རྒན་ཁ་ཤས་ཀྱིས། ཁོ་ཚོའི་བོད་ཡིག་སྡེ་ཁག་གི《འདབ་ལྡན》དུས་དེབ་ཀྱི་རྒྱུན་ཆད་ལ་ཉེ་བ་དེ་ཁོ་ལས་ཁུངས་དེར་ཐོན་པ་ནས་ཡང་བསྐྱར་སླར་གསོ་བྱས་ཏེ་ཧུར་ཐག་གིས་གཉེར་བཞིན་ཡོད་ཟེར་མྱོང་།
ད་ཐེངས་ཁོའི་སྙན་ངག་བརྩམས་ཆོས《ཉི་ཟླའི་སྒོ་དར་ཁྲ་ཁྲ》ཞེས་པ་དང་དཔྱད་བརྗོད་ཀྱི་བརྩམས་ཆོས《ཁེར་ཚུགས་དང་ཀུན་གཤིས་ཀྱི་དབུས་མཐའ》ཞེས་པའི་རྩོམ་རིག་གི་བསྟན་བཅོས་གཉིས་མི་རིགས་དཔེ་སྐྲུན་ཁང་དང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་དཔེ་སྐྲུན་བྱས་པ་འདིས་ཁོས་སྒྱུ་རྩལ་རྩོམ་རིག་ལ་བཅངས་པའི་དུང་ཞེན་ཟབ་མོ་དང་ལོ་ངོ་མང་བོར་འབད་པ་རྒྱུན་འཁྱོངས་བྱས་པའི་གྲུབ་འབྲས་མཚོན་ཡོད།
དཔལ་ལྡན་རྒྱ་མཚོ་ནི་རང་རེའི་ན་གཞོན་ཚོའི་ནང་ན། རང་གི་སྐད་ཡིག་ལ་བྱང་ཆ་ལྡན་པ་དང་། རིག་གནས་ལ་དུང་ཞེན་ཆེ་ཞིང་རང་ཚུགས་ཐུབ་པ་སྐོར་ཞིག་ཡོད་པའི་ནང་གི་གཅིག་ཡིན་པ་དེ་རིང་ཁོའི་བརྩམས་ཆོས་གཉིས་དཔར་སྐྲུན་འགྲེམ་སྤེལ་གྱི་མཛད་སྒོ་འདིས་ར་སྤྲོད་བྱེད་ཐུབ། དེའི་སྟབས་ཀྱིས་ང་ཚོས་ཁོ་ལ་མཉམ་དུ་རྟེན་འབྲེལ་ཞུས་ཆོག
དགེ་རྒན་ཆེན་མོ་དཔལ་མོ་ནས།
དགེ་རྒན་ཆེན་མོ་དཔལ་མོ།
མི་ལོ་སུམ་ཅུ་ལྷག་གི་སྒོ་ཐེམ་བརྒལ་ནས་ཐོན་དུས། ག་ལེར་ཕྱིར་དྲན་ཞིག་བགྱིས་ཡོང་ཚེ། མི་ལོ་ཉི་ཤུ་ལྷག་གི་དུས་ཡུན་རིང་བོར་སློབ་སྦྱོང་བྱས་ཤིང་ལང་ཚོ་སློབ་གྲྭ་ནས་འདའ་སོང་བ་དེ་ངོས་གཞན་ཞིག་ནས་བསམ་བློ་བཏང་ན་རང་གི་ཚེ་ནོམ་དུ་ཆགས་ཡོད་འདྲའི་དཔའ་གདེང་གིས་བརྩོན་འགྲུས་ཀྱི་སྣེ་མོར་དཔེ་ཀློག་བཅིངས་ཏེ། བརྩེ་གདུང་རྒྱུད་སྐུད་ལ་ཐ་སྙད་འཁྲོལ་ཡོང་ན། ཆེས་ཡིད་དུ་འོང་བ་ནི་རང་ལ་དབང་བའི་དབྱངས་གསལ་སོ་བཞི་ཡིན། ཆེས་སྙིང་དུ་སྡུག་པ་ནི་རང་གི་བརྩེ་བས་འདོར་མ་ཐུབ་པའི་ཚོར་བ་དྭངས་མོ་དེ་ཡིན།
ངས་དེ་རིང་གཏམ་རྒྱུད་གསུམ་བཤད་རྒྱུ་གྲ་སྒྲིག་བྱས་ཡོད། གཏམ་རྒྱུད་འདི་གསུམ་ནི་ངའི་མི་ཚེའི་སྙན་ངག་གསར་རྩོམ་གྱི་གོམ་པ་སྤོ་བའི་རྐྱེན་དུ་ཞོ་བཞིན་ཆགས་པས། ངས་ནམ་རྒྱུན་ཡིད་སེམས་གཏིང་ནས་དེ་ལ་དྲིན་གཟོ་མར་ལོ་ལྟ་བུ་བྱེད་ཀྱིན་ཡོད་ངེས།
ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཧྲུའུ་ཅི་གཞོན་པ་བན་དེ་ཚེ་རིང་།
ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཧྲུའུ་ཅི་གཞོན་པ་བན་དེ་ཚེ་རིང་།
གཏམ་རྒྱུད་དང་པོ།
མཐོ་འབྲིང་གི་སྐབས་ནས་མགོ་བརྩམས་ཏེ། ངས་བྲིས་པའི་དུས་རབས་བསུ་བའི་གླུ་དབྱངས་ཞེས་པའི་སྙན་རྩོམ་ཞིག་གངས་རྒྱན་མེ་ཏོག་སྟེང་སྤེལ་རྒྱུའི་ཆོག་མཆན་བརྡ་ཐོ་འབྱོར་སོང་། ལོ་ཟླ་དེ་ལྟ་བུ་ཞིག་གི་ནང་དུ། བརྡ་འཕྲིན་དང་ལག་འཁྱེར་ཁ་པར་ཆེ་ཆེར་དར་མེད་པའི་ལོ་ཟླ་དེ་ལྟ་བུ་ཞིག་གི་ནང་དུ། རྩོམ་ཐོ་དེ་ལྟ་བུ་ཞིག་འབྱོར་སོང་བ་ནི་བསམ་ཡིད་ལས་འདས་པའི་དོན་ཡ་མཚར་བ་ཞིག་ཅི་ལ་མིན། འདི་ནི་འུ་ཅག་ཀུན་ལ་ཡོད་མྱོང་ཞིང་ཡོད་ཆོག་པའི་སྤྱིར་བཏང་གི་དོན་དག་ཅིག་ཡིན་མོད། སེམས་ཞིག་ལ། ད་ང་རང་རྩོམ་པ་པོ་ཆགས་སོང་བ་རེད་སྙམ་པའི་ང་རྒྱལ་ཅི་ཡིན་འདི་ཡིན་མེད་པར་སྐྱེས་ཡོང་མྱོང་བ་ད་ལྟ་ཡིན་རུང་དྲན། འདི་གངས་རྒྱན་མེ་ཏོག་གིས་ང་ལ་བྱིན་པའི་སྒུལ་ཤུགས་དང་པོ་ཡིན།
ཞིབ་འཇུག་སློབ་མའི་ལོ་རིམ་གསུམ་པའི་སྐབས་སུ། གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གིས་གསར་རྩོམ་ལེ་ཚན་ཞིག་ཐོག་མར་བཟོས་ཏེ། ང་རང་ལེ་ཚན་གྱི་ཐོག་མའི་མི་སྣ་ངོ་སྤྲོད་དང་བརྩམས་ཆོས་རྩོམ་སྤེལ་དུ་བདམས་པས། ངའི་བརྩམས་ཆོས་སྙན་ངག་གི་མིང་ལ《ཟླ་ངོ་གཅིག་གི་ཕྱེད་ཀ》ཞེས་པ་དེ་སྤེལ། སྙན་ངག་འདི་སྙན་ཚོམ་ཅུང་ཟད་ལྟོས་འཇོག་གིས་རིང་བོ་ཞིག་ཡིན་ལ། ཉིས་སྟོང་དྲུག་ལོར་ང་རང་ཐོག་དང་པོར་པེ་ཅིང་ནས་ལོ་སར་བའི་དུས་སྐབས་སུ་བྲིས་པའི་སྙན་ངག་ཅིག་ཡིན་ཞིང་། མི་ཚེའི་སྙན་ཚོམ་གྱི་དབུ་ཁྱུད་ལྟ་བུའང་ཡིན་པས། རྩོམ་སྒྲིག་པས་ཚིག་རྐང་གཅིག་ཀྱང་མ་བཅོས་པར་འདོན་སྤེལ་མཛད་པས། ངས་སྙན་ཚོམ་གྱི་རྟེན་འབྲེལ་དེ་འགྲིག་པར་རློམ་པའི་ཞེ་ཐག་གིས་ཐེངས་འདིའི་སྙན་ཚོམ་ཕྱོགས་བསྒྲིགས་ཀྱི་ཆེས་ཐོག་མར་བཞག་ནས་དྲན་གསོ་བགྱི་བཞིན་ཡོད་པ་ལགས། འདི་ནི་གངས་རྒྱན་མེ་ཏོག་གིས་ང་ལ་བསྩལ་བའི་སྒུལ་ཤུགས་གཉིས་པ་ཡིན།
གངས་རྒྱན་མེ་ཏོག་གིས་ང་ལ་བྱིན་པའི་སྒུལ་ཤུགས་གསུམ་པ་ནི། སྙན་ངག་ཕྲན་དཔྱད་ཀྱི་ཕྱོགས་ཡིན། སྙན་ངག་དཔྱད་བརྗོད་ཀྱི་ཕྱོགས་ནས། ཐོག་མར་ཚོད་ལྟའི་ཚུལ་གྱིས་བཏབ་པའི་བྱ་གཞུང་དབྱངས་བྷའི་སྙན་ངག《ཉི་མ་མེ་ཏོག་ནས་ཧོར་ཆུ་ཁམ་པ་སྔོ་རིང་གི་བར་མཚམས་བརྒལ་བ》ཞེས་པའི་དཔྱད་བརྗོད་གྲིམ་ལྷོད་ནས་མགོ་བརྩམས་ཏེ་དཔྱད་བརྗོད་ཁ་ཤས་བསྟུད་མར་གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གིས་སྤེལ་བས། རྩོམ་རིག་དཔྱད་བརྗོད་ཀྱི་ཕྱོགས་སུ་དགའ་བའི་གོམ་པ་སྤོ་མགོ་ཚུགས་པ་ཡིན།
གཏམ་རྒྱུད་གཉིས་པ།
སློབ་ཆེན་གྱི་ལོ་རིམ་གཉིས་པའི་སྐབས་སུ། ངས་བྲིས་པའི་སྙན་ངག《ལྷ་མོའི་ཚོགས》སྦྲང་ཆར་སྟེང་སྤེལ་ཏེ་དུས་དེབ་བསྐུར་ནས་ལག་འབྱོར་བྱུང་། དེ་དུས་ང་རང་ལོ་ཉེར་གཉིས་ཡིན། གསར་བུའི་སྣང་བ་ཅུང་མཐོ་དུས་ཡིན་པས། ཡང་ང་རྒྱལ་སྐྱེས་མྱོང་། ང་རྒྱལ་ཟེར་ན་མི་འགྲིག རང་རློམ་དང་དྲན་འཁྲུལ་མཚར་བོ་སྐྱེས་ཏེ། རྩོམ་རིག་ཁོ་ན་སྦྱངས་ནས་ཉམས་སེང་རྒྱག་རྒྱུ་ཞིག་ཀྱང་ཡིད་ལ་དྲན་མྱོང་། ང་རྒྱལ་དེ་ལས་བཟློག་ཐུབ་དགོས་ཀི བཟློག་ཐུབ་སོང་ན་དྲང་ལམ་ལ་འཁྲིད་ཀི བཟློག་མ་ཐུབ་ན་ལོག་ལམ་ལ་འཁྲིད་ཀི དེར་མཐུད། ངས་སྙན་ངག་མ་ལ་བཏང་བའི་འཕྲིན་པ་དང་ཟླ་བ་དང་མཚོ་མོ། བཅས་རིམ་སྦྲང་ཆར་སྟེང་སྤེལ་སོང་། འདི་ལྟར་སློབ་ཆེན་དངོས་གཞི་མཇུག་དྲིལ་ཏེ་རྩིས་ཤིག་རྒྱག་དུས། རྩོམ་རིག་ལ་ཧ་ཅང་དགའ་བའི་བདག་གིས་ཀྱང་མི་ལོ་བཞིའི་རིང་དུ་སྦྲང་ཆར་སྟེང་ལ་སྙན་ངག་གསུམ་མ་གཏོགས་སྤེལ་ཐུབ་མད། རང་གིས་རང་ལ་ཚད་གཞི་བཟུང་བ་མཐོ་སོང་བས་དབང་གིས་ང་རང་ཉིད་ལ་ཕངས་སེམས་སྐྱེས་བྱུང་། ཆ་སྙོམས་བྱས་ཚེ་ལོ་རེར་གཅིག་རེ་ཀྱང་སྤེལ་ཐུབ་མེད་པས། ངས་ཡང་བསྐྱར་འདང་རྒྱག་དགོས་བྱུང་། འདི་སྦྲང་ཆར་རྩོམ་སྒྲིག་ཁང་གི་ང་ལ་བྱིན་པའི་སྐུལ་ལྕག་ཡིན་ལ་གནོན་ཤུགས་ཀྱང་ཡིན། ཉིས་སྟོང་དགུ་ལོར། ང་རང་བྱ་བའི་ལས་གནས་སུ་ཞུགས་མེད། སྦྲང་ཆར་རྩོ་སྒྲིག་ཁང་གིས་ང་ལ་ཆེད་བསྒྲིགས་ཤིག་བཟོས་ཤིང་། སྙན་ངག་གངས་དང་མཚོ་དྲན་པ། ཞེས་པ་སྤེལ་ཏེ་ང་ལ་རྩོམ་རིག་གསར་རྩོམ་གྱི་ལམ་བུར་རྟིང་སྐུལ་མཛད།
གཏམ་རྒྱུད་གསུམ་པ།
གཏམ་རྒྱད་གསུམ་པའི་ནང་ལ་སླེབས་དུས། ང་རང་ཏན་ཏན་ནར་སོན་འདུག ནར་སོན་འདུག་ཅེས་པའང་གཙོ་བོ་ངའི་བསམ་བློ་ཅུང་ཟད་ལྟོས་འཇོག་གིས་སྨིན་འདུག གཏམ་རྒྱུད་གསུམ་པའི་ནང་ལ་ཐོན་དུས་ངས་སྙན་ངག་དང་སྙན་ངག་དཔྱད་བརྗོད་གང་མཚམས་ཤིག་བྲིས་ནས་ལམ་ལ་ཆས་འདུག སྙན་ངག་དང་དཔྱད་བརྗོད་འདི་གཉི་གའང་ཕན་ཚུན་རྟེན་འབྲེལ་དུ་གྱུར་ཡོད། སྙན་ངག་གིས་དཔྱད་བརྗོད་ལྟ་བུའི་ཚིག་ལ་དྲིན་གཟོ་ཞུས་ན་འོས་ཤིང་། དཔྱད་བརྗོད་ཀྱིས་སྙན་ངག་ལྟ་བུའི་རི་མོར་བཀའ་དྲིན་ཞུས་ན་ཆོག དེ་འབྲེལ་མཚོ་སྔོན་བོད་ཡིག་གསར་འགྱུར་དང་ཁྲིམས་ལུགས་ཚགས་པར་བཅས་ཀྱིས་སྐུལ་འདེད་དང་རྒྱབ་སྐྱོར་གནང་བར་དྲིན་གཟོ་ཞུ་བ་ཡིན།
ང་ལ་མཚོན་ན་སྙན་ངག་འབྲི་བ་དེ་འཚོ་བའི་ཚད་རིམ་མཐོ་ཤོས་ཤིག་ལ་ངོས་བཟུང་ཡོད། འཚོ་གནས་ལས་འགོངས་པའི་འཚོ་བའི་ལོངས་སྤྱོད་ཅིག་ཡིན་པ་ནང་བཞིན་སྙན་ངག་འབྲི་བ་ནི་བསམ་པའི་ལོངས་སྤྱོད་ཅིག་ཡིན་པར་འདོད། དེ་བས་ཀྱང་ཕྱི་སྣོད་ཀྱི་འཇིག་རྟེན་ལ་དོ་སྣང་དང་དྲིན་གཟོ་ཞུ་སྟངས་ཤིག་ཡིན་སྙམ། མདོར་ན། མི་ཀུན་གྱིས་འཚོ་བ་རོལ་བ་དང་རྒྱུ་ནོར་འཚོལ་བ། གོ་ཐོབ་བསྙེག་པ་སོགས་དངོས་ཡོད་ཀྱི་ཉེ་སར་བརྩོན་པའི་ཀུན་གཤིས་སྤྱི་མཐུན་པ་འདྲ་བ་མང་ནའང་། དངོས་པོའི་འཇིག་རྟེན་གྱི་རྒྱབ་རོལ་ན་འཚེར་བའི་དག་གཙང་གི་བསམ་པའི་འཇིག་རྟེན་གྱི་མཛེས་པ་དང་བདེན་པ་སྙོར་བའི་སྙན་ངག་དང་སྒྱུ་རྩལ་ནི་རང་བྱུང་དང་སྤྱི་ཚོགས་གཉིས་ལས་རང་བྱུང་ལ་ཁ་གཏད་མཁན་གྱི་ཤེས་རབ་ཅན་དག་ཡིན་པས། སྤྱིར་བཏང་གི་མི་དང་དེ་དག་གི་རིན་ཐང་མངོན་སྟངས་ཀྱང་མི་འདྲ་བར་སེམས་ཡོད། ངས་དུས་རྒྱུན་ཚོར་བ་ཡན་གར་བ་དེ་དག་སྙན་ངག་ལྟ་བུའི་ཚིག་སྦྱོར་གྱི་ཁུད་དུ་སྤུངས་ནས་གསོག་བཞིན་ཡོད། ངའི་སྣང་བ་ཞིག་ལ། གལ་ཏེ་ངའི་འཚོ་བའི་ཁྲོད་དུ་སྙན་ངག་ཟེར་བའི་རྫ་བུམ་དེ་མེད་སོང་ཚེ། ངའི་མཛེས་སྡུག་གི་དྲན་པ་མཐའ་དག་སྟོང་བའི་དབྱིངས་ནས་མཁའ་དབུགས་དང་མཉམ་དུ་ཆུད་ཟོས་སུ་འགྲོ་ངེས་ཤིང་། ངའི་ཀུན་རྟོག་འཆར་སྒོས་བཏེགས་པའི་ཡིད་འོང་གི་ཕོ་བྲང་དེ་དག་ཀྱང་འཇའ་གཟུགས་སུ་སྙོལ་དགོས་སྙམ་པའི་ཕངས་སེམས་དགོད་བྲོ་བ་ཞིག་འཆར་གྱིན་འདུག དེ་དག་ནི་ང་ཡི་འཁྲུལ་སྣང་ཡིན་ལ། དེ་དག་ནི་འཁྲུལ་སྣང་ཁྲོད་ཀྱི་བདེན་པའང་ཡིན།
མཇུག་མཐར་ངས་ད་ལོའི་གངས་རྒྱན་མེ་ཏོག་དེབ་དང་པོའི་སྟེང་ལ་དེ་རིང་གི་གདན་ཞུའི་སྐུ་མགྲོན། བོད་ཀྱི་ན་གཞོན་སྙན་ངག་པ། སྒྲུང་གཏམ་པ་ཁྲི་སེམས་དཔའ་ལགས་ནས་ང་ལ་བཅར་འདྲི་བྱས་པའི། 《སྙན་ངག་ནི་ཕྱི་ཡི་སྣོད་དང་ནང་གི་བཅུད་ལ་བཏབ་པའི་རྟེན་འབྲེལ་དེ་ཡིན་ནམ》ཞེས་པ་ལས་བདག་གི་སྐད་ཆ་འགས་དེ་རིང་གི་རང་གི་སྒེར་དེབ་འགྲེམ་སྤེལ་མཛད་སྒོ་དང་རྩོམ་རིག་བགྲོ་གླེང་ཚོགས་འདུའི་སྟེང་གི་གཏམ་བཤད་ལྟ་བུའི་མཇུག་བསྡུ་རྒྱུ་ཡིན་ཏེ། སྙན་ངག་བྲིས་ནས་ཕྱུག་པོར་ཆགས་མི་ཐུབ་པ་ཤེས་ཡོད། སྙན་ངག་བྲིས་ནས་མིང་དུ་གྲགས་མི་ཐུབ་པའང་རྟོགས་ཡོད། སྙན་ངག་བྲིས་ནས་རྒྱལ་ཁབ་ཀྱི་ལས་གཞི་རེག་མི་ཐུབ་པ་ཡང་ཤེས་ཡོད། འོན་ཏེ། དེ་དག་གཙོ་བོ་མིན། གཙོ་བོ་ལས་ཀྱིས་རིགས་འདིར་སྐྱེས་པའི་དབང་སྐལ་དུ་ཐོབ་པའི་གསལ་བྱེད་སུམ་ཅུའི་རི་མོར་ས་འབྲི་རྡོ་འབྲི་ཞིག་བྱས་ནས་མི་ལུས་བླངས་པའི་དོན་གྱི་འདོད་ཡོན་ཟེར་བ་དེ་མངོན་པར་བཀྲམས་སྟངས་ཤིག་ལ་ངོས་འཛིན་ལྷོད་ཀྱིན་སྙན་ངག་གཉོམ་དུང་གིས་འབྲི་བ་ཡིན། སྣོད་བཅུད་རྟེན་གྱིས་བསྙོར་བའི་ཚེ་སྲོག་གི་ཁ་དོག་ཀློག་གིན་དགའ་སྐྱོའི་སྣང་བ་མཛེས་སྡུག་ཏུ་གདབ་པར་སྨོན་པའི་སྙན་ངག་དགེ་སྡིག་གིས་འབྲི་བ་ཡིན། ཚོར་སྣང་ཕྲ་མོས་ཕྱི་རོལ་སྣང་ཚུལ་ཡིད་ལ་བཀུགས་པའི་དགའ་སྤྲོའི་བརྩེ་གདུང་རི་མོ་སྙན་ངག་གིས་འབྲི་བ་ཡིན། འདི་ནི་ང་ཡིས་འབྲི་བཞིན་པའི་སྙན་ངག་ཡིན། འདི་དག་ནི་ཁྱོད་ཅག་གིས་ཀྱང་བྲི་ཆོག་པའི་སྙན་ངག་ཡིན། དུས་འདི་བེད་སྤྱད་ནས་ངས་དྲིན་གཟོ་ཞུ་ཡུལ་འགའ་མཆིས་ཏེ། བདག་གི་དེབ་འདི་གཉིས་ཀྱི་མགོ་རྔ་བར་གསུམ་ལ་དངོས་ཤུགས་གང་རུང་ནས་རྒྱབ་སྐྱོར་བྱེད་མཁན། གསེར་ཆེན་ཁང་ལས་ཚད་ཡོད་འགན་ལེན་ཀུང་ཟི་དང་། ཐང་སྟོང་རྒྱལ་པོ་རིག་གནས་ཁྱབ་སྤེལ་ཀུང་ཟི། གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་། བདག་གི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཁ་སྒང་བཀྲ་ཤིས་ཚེ་རིང་ཚང་གིས་ལས་དོན་འདི་ལ་རྒྱབ་སྐྱོར་དཀྱེལ་ཡངས་གནང་བའི་ཡིད་ཆེས་དང་ས་ཁ་ཐག་རིང་བོ་ནས་དཀའ་ཚེགས་སྐུ་ངལ་ལ་མ་འཛེམ་པར་སླེབས་པར་སྐུ་དྲིན་ཞུ་བ་དང་། དེ་རིང་འདིར་འཛོམས་ཀྱི་བདག་གཞིས་མགྲོན་གཉིས་ཀ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུ་པར་འོས་པའི་དགེ་རྒན་དང་རྩོམ་སྒྲིག་པ་རྣམ་པ། སྙིང་ཉེ་བའི་འདིར་བཞུགས་ཀྱི་སློབ་གྲོགས་རྣམས། ཁྱེད་ཅག་ཚང་མ་ཁམས་བདེ་བཀྲ་ཤིས།
རྩོམ་པ་པོ་དཔལ་ལྡན་རྒྱ་མཚོའམ་མདོ་སྨད་ཧེ་རུ་ཀ་ནས།
མདོ་སྨད་ཧེ་རུ་ཀ
ཡུལ་གྱི་ལྗོངས་རྣམ་ནས་སེམས་ཀྱི་ལྷན་པར་རེག་པ།
དང་པོ། སྙན་ངག་ཧྲིལ་བོའི་ཁམས་དང་གཟུང་ཐག
སྙན་ཚོམ་ཉི་ཤུས་གྲུབ་པའི་དེབ། ཉི་ཟླའི་སྒོ་དར་ཁྲ་ཁྲ་འདི་ཉིད་ཀློག་དུས། ཕྱི་སྣོད་ཀྱི་ཡུལ་ལམ་ལྗོངས་རྣམ་ཚོགས་པས་རྩོམ་པ་པོའི་ནང་སེམས་ཀྱི་བརྩེ་བ་དང་དགའ་སྐྱོ་ཆགས་སྡང་། དྲན་རྟོག་སྣ་ཚོགས་འཕྱུར་བ་དང་འཇགས་པ། སིམ་པ་དང་འཐིམ་པ། འཕེལ་བ་དང་འགྲིབ་པར་བྱེད་ཀྱིན་འདུག་ལ། སྙན་ཚོམ་གང་ཡིན་ལ་ཡུལ་གྱིས་ཡུལ་ཅན་ལྟེམ་ཞིང་གཡོ་བ་དང་། ཡང་ན་ཕྱི་སྣོད་ཀྱིས་ནང་བཅུད་འཕེལ་བར་བྱེད་པའི་ཁམས་དང་གཟུང་ཐག་གྲུབ་འདུག འདི་ནི་སྐྱེ་ཁམས་རྩོམ་རིག་གི་བློ་སྦྱོང་གིས་བསྐྱེད་པའི་སྙན་ངག་གི་མར་ལོ་རེད་ལ། སྙན་ངག་རང་ཚུགས་ཀྱིས་སྣོད་བཅུད་ལ་སིམ་ཞིང་སྣོད་བཅུད་ནས་འབུས་པའི་གོ་རིམ་ཞིག་ཀྱང་རེད།
དཔེར་ན། སྙན་ངག་ཁྲོད་ཀྱི་སྣོད་བཅུད་ཀྱི་ཁམས་ཀྱིས་གྲུབ་པའི་དཔེ་སྐོར་ཅིག་ནས་བགྲོ་བར་བྱས་ན། རི་དང་མཚོ། གནས་འགང་ཆེན་སྐོར་ཅིག་གི་ཕྱི་རྣམ་ནས་ལོ་རྒྱུས་ཀྱི་དྲན་རྟོག་དང་དུས་ཚོད་ཀྱི་བསྡམས་གཅིར། རང་སེམས་ཀྱི་ཚ་འདྲི་སྣ་ཚོགས་ཕྱིར་འཛགས་འོང་གིན་པ་མང་དུ་འདུག
སྙན་ངག་གི་ཟུར་འཛིན་སྟངས་དང་པོ།
༡ སྙན་ངག་གི་སྐད་ཆ་འུད་ཀྱིས་བརྗོད་ནས་སྣང་བའི་ཡིད་བརྙན་སྐྲུན་ཚུལ།
འདིར་སྣང་བའི་ཡིད་བརྙན་ཟེར་དོན་ནི། དོན་དམ་དུ་མེད་པ་དང་སྣང་ངོ་རུ་གྲུབ་པའི་ཡིད་བརྙན་ལ་གོ་དགོས་ཏེ། དཔེར་ན་སྙན་ཚོམས་ཁྲོད་ཀྱི་ཉི་མའི་ལྕེ་ཐོག་གི་ནག་ཐིག ཟླ་བའི་མཆན་འོག་གི་ཨོཾ་ཡིག རྡོ་བའི་ནགས་ཚལ་མྱུལ་བ། སྨུག་པའི་རྨི་ཐག སེམས་ཀྱི་སྨྲེང་བ་རི་ལ་དེད་པ། ལྟ་བུ་དག་ནང་བཅུད་དུ་གྲུབ་ཐུབ་མོད་ཕྱི་སྣོད་དུ་བདེན་གྲུབ་ཏུ་འབྱུང་མི་ཐུབ། ཡིན་ན་ཡང་སྙན་ངག་པས་སེམས་ཀྱི་དེ་ཉིད་གང་ཞིག་མཚོན་པའི་ཕྱིར་དུ་ཀུན་རྟོག་གི་ཀློང་ཡངས་ས་ནས་མི་སྲིད་པ་དག་སྲིད་པར་བྱས། སྲིད་པ་དག་མི་སྲིད་པར་བྱས་ཡོད་ལ། དེ་ལྟར་བྱས་པའི་འཆར་སྒོ་ཕུན་སུམ་ཚོགས་པ་འདིས་ཁོའི་སྙན་ངག་ལ་ཕྲ་རྒྱན་བཏབ་འདུག སྙན་ངག་པས་ནི་མི་སྲིད་པའི་དོན་མང་པོ་སྲིད་པར་བྱེད་ལ། སྲིད་པའི་དོན་མང་པོ་མི་སྲིད་པར་གཏོང་བས། གཞན་ལས་རྣམ་དཔྱོད་ལྡན།
སྙན་ངག་གི་ཟུར་འཛིན་སྟངས་གཉིས་པ།
༢ ཡུལ་དང་དུས་ཀྱི་སྣ་ཐིག
སྙན་དེབ་འདིའི་ཁྲོད་ཀྱི་སྙན་ངག་གཙོར་བྱས་པའི་ཁོའི་སྙན་ངག་མང་ཤོས་ཤིག་ལྗོགས་རྒྱུའི་ཟིན་ཐོ་དང་ཡུལ་ལ་ལོག་པ། དུས་འགང་ཆེན་བསུ་བའི་དུས་ཚོད་ཀྱི་ཨ་ལོང་དུ་བརྒྱུས་འདུག་ལ། སྙན་ཚོམ་ཧྲིལ་བོ་ཕན་ཚུན་འབྲེལ་ཆགས་པ་དང་། ཁམས་དང་དུངས་པའི་གཞུང་ཕན་ཚུན་སྦྲེལ་ཐུབ་པའི་ཁྱད་ཆོས་མངོན་གསལ་ལྡན། གཅིག དེ་ལས་ཡུལ་ག་གེ་མོ་ཞིག་ལ་སྦྲེལ་བའི་ཚུལ་ནི། དཔེར་ན། མི་སྐྱིད་གླིང་གི་སེམས་ངལ། མཚོ་སྔོན་པོའི་གཡས་རུ་གཡོན་རུ། ཉི་ཟླའི་རྣ་ལོང་། གཙོས་གྲོང་ནས་ལན་གྲུའི་བར། ལན་གྲུ་ནས་ལྷ་སའི་བར། ལྟ་བུས་མཚོན་པའི་བརྩམས་ཆོས་ཀྱི་སྐོར་ཏེ། གཙོ་བོ་རྩོམ་པ་པོས་འགྲུལ་བཞུད་ཀྱི་གོ་རིམ་ནས་སྙན་ངག་གི་ས་བོན་བཏབ་ཅིང་། སྙན་ངག་གི་བུ་ཆུང་དུས་དང་དུས་མིན་ལ་སྦྲིམ་པའི་སྐོར་རོ། ། འདིའི་ཁྱད་ཆོས་གཙོ་བོ་ནི། ཡུལ་གཅིག་དང་སྣེ་གཅིག་ལྟེ་ཐག་ཏུ་བྱས་ནས་ཡུལ་བྱེ་བྲག་པ་སོ་སོ་དང་སྣེ་གཞན་སོ་སོ་བ་མང་པོ་འཕྲོས་རྟོག་གིས་སྙན་ངག་གི་ཁམས་སུ་འདྲེན་པའི་ཐབས་ཏེ། སྙན་ངག་གི་སྒྲོམ་གཞི་བརྟན་ལ་འཁྱུག་འགྲོས་ཡག་པའི་ཁྱད་ཆོས་ཀྱང་མངའ་བར་འདོད། གཉིས། དུས་ག་གེ་མོ་ཞིག་ལ་རྐྱེན་དུ་བཅོལ་ནས་གྲུབ་པ་ནི། སྤྱི་ལོ་ཉིས་སྟོང་བདུན་ལོ། དྲན་འཕྲུལ་ཀློང་གི་ཉིན་ཐོ། གནམ་གཤིས་དྲོད་ཚད་ཏུའུ་གྲངས་བཞི་བཅུའི་ཡན་ན་ཡོད། ལྟ་བུས་མཚོན་པའི་སྙན་ངག་སྟེ། གཙོ་བོ་དུས་ཚོད་ཀྱི་སྣ་ཐིག་གིས་རྩོམ་པ་པོའི་སེམས་ཀྱི་འདུ་འགོད་མང་པོར་ཁ་ལོ་སྒྱུར་བ་དང་དྲན་ཤེས་སྣ་ཚོགས་འདྲེན་པའི་སྐོར་ཏེ། འདི་ལ་དུས་ཚོད་ག་གེ་མོའམ། དུས་ག་གེ་མོ་ཞིག་ལྟེ་ཐག་ཏུ་བྱས་པས་སྙན་ངག་གིས་ལམ་འདེད་ཐུབ་པའི་ཁྱད་ཆོས་མངའ།
གཉིས། ཁམས་དང་གཟུང་ཐག་གྲུབ་ཚུལ་དང་པོ།
༡ ཚོད་ཚོད་ལ་སྔངས་པའི་སྐོར།
སྙན་དེབ་འདིའི་ནང་དུ་རྩོམ་པ་པོས་རུམ་གྱི་བྲོ་དང་རྒྱགས་བོར་བའི་སེམས་ཁྲལ་སྐོར་ཅིག་ཕྱི་རུ་ལུད་པར་བྱས་ཡོད་ལ། དེ་ནི་སྙན་ངག་པ་ལོ་རྒྱུས་ཀྱི་ས་ཚིགས་སྐོར་ཅིག་ལ་མྱུལ་བའི་གོ་རིམ་ཁྲོད་སྐྱེས་པའི་སྔངས་འདར་ཡང་ཡིན་པར་ཁོ་བོས་འདོད། འདི་ནི་སྙན་ངག་འབྲི་མཁན་ནམ་སེམས་ཀྱི་ཚོར་འདུ་སྐྱེན་ཞིང་བརྩེ་དུང་གི་འཕྱོ་འཇགས་རྒོད་པའི་རྩོམ་པ་པོ་ཞིག་ལ་མཚོན་ན་འབྱུང་ངེས་ལ་འབྱུང་སྲིད་པ། འབྱུང་འོས་པ་ཞིག་ཡིན་པར་འདོད།
རྩོམ་པ་པོ་སྔངས་ཤིང་འདར་བར་བྱེད་པའི་སྙན་ངག་གི་སྐོར་ནི། སྤྱི་ལོ་ཉིས་སྟོང་བདུན་ལོའི་སྙན་ཚོམས།
ཟླ་ངོ་གཅིག་གི་ཕྱེད་ཀའི་སྙན་ཚོམས།
མི་སྐྱིད་གླིང་གི་སེམས་ངལ། ལྟ་བུ་སོགས་ཏེ། ལོ་རྒྱུས་ཀྱི་ལམ་ཐིག་དང་གནས་འགང་ཆེན་དག་ཏུ་གང་ཞིག་བོར་སོང་བའམ་མ་མཐོང་བ། ཅི་ཞིག་བོར་དོགས་པའམ་འབོར་སྲིད་པ་སོགས་ཀྱིས་རྩོམ་པ་པོར་སེམས་ཁྲལ་སྣ་ཚོགས་སྦྱིན་པའི་ཡུལ་སྔངས་སྔངས་བར་བྱས་པའི་སྐོར་རོ། སྙན་ངག་པས་འདི་དག་ལས་སྙན་ངག་ཧྲིལ་བོའི་ཁམས་དང་གཟུང་ཐག་གྲུབ་པར་བྱས་ཡོད།
གཉིས་པ། ཁམས་དང་གཟུང་ཐག་གྲུབ་ཚུལ་གཉིས་པ།
༡ ཕྱིར་རྟོག་གི་གཏིང་ནས་སེམས་འཁྱག་ཚུལ།
QQདྲ་ལམ་ན། ཡི་གེ་གཏག་བཞིན་ཡོད། ཅེས་པ་གཙོར་གྱུར་བའི་སྙན་ངག་སྟེ།
QQབརྙན་སྒོ་ཕྱེ་བ།
QQབརྙན་སྒོ་བརྒྱབ་ཚུལ།
QQངོས་ནས་ཁ་བ་གླེང་བ།
QQངོས་ནས་སེམས་འཁྱག་ཚུལ།
QQངོས་ནས་ཚེས་རིས་དྲན་པ། ལྟ་བུ་སོགས་ལས་དུས་ཀྱི་རླབས་རྒྱུན་གྱི་སྔུན་དུ་རྩོམ་པ་པོ་ཅུང་ཉམས་ཞན་དང་འཁས་ཆུང་བར་བཏང་བ་དང་དེ་ལས་དངོས་ཡོད་འཚོ་བ་དང་འཚོ་སྟངས་སྣ་ཚོགས་སུ་ཕྱིར་རྟོག་བྱས་ཡོད་དེ། གནད་དོན་འདི་ནི་ད་ལྟའི་རྩོམ་རིག་སྟེང་ནས་མངོན་པའི་འཚོ་བ་དངོས་ཀྱི་གཟུགས་བརྙན་གསལ་བོ་ཞིག་གོ །
མཐར། མི་རིགས་སྐད་ཡིག་ལ་བརྟེན་ནས་རྩོམ་རིག་གི་མཚེར་ས་སྲུང་མཁན་དག་ལ་ཐུགས་རྗེ་ཆེ། སྐུ་ཚེ་རིང་། ཞོར་དུ་བོད་རྩོམ་སྟེགས་བུ་རུ་སྙན་ངག་ལྡ་མ་ལྡོམ་མེ་མི་དར་བར་ཤོག ཁྱིམ་ལུད་ནོར་བུ་རུ་རློམ་པའི་རྩོམ་པ་པོ་དང་ཀློག་པ་པོ། རྩོམ་སྒྲིག་པའི་བསྟན་པ་ནུབས་པར་གྱུར་ཅིག
ཉྭ་སྲིན་པོ་ནས།