མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་གྲོས་ཚོགས་བསྡུས་པ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་གྲོས་ཚོགས་བསྡུས་པ།
མཚོ་ལྷོ་ཁུལ་བོད་སྐད་ཨུའི་གཞུང་སྒྲུབ་ཁང་གི་འགོ་གཙོ་ཚེ་ལོ་ཡིས་གཏམ་བཤད་སྤེལ་བ།
མཚོ་ལྷོ་ཁུལ་བོད་སྐད་ཨུའི་གཞུང་སྒྲུབ་ཁང་དང་རྫོང་སོ་སོའི་བོད་སྐད་ཨུའི་གཞུང་སྒྲུབ་ཁང་བར
2016ལོའི་དམིགས་ཚད་འགན་འཁྲིའི་ཡི་གེ་འགོད་པ།
སྤྱི་ཟླ5བའི་ཚེས25ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་པའི་ཁུལ་ཡོངས་ཀྱི་བོད་སྐད་ཡིག་བྱ་བའི་གྲོས་ཚོགས་དེ་ཁུལ་གྲོས་ཚོགས་ལྟེ་གནས་སུ་བསྡུས་ཤིང་། མཚོ་ལྷོ་ཁུལ་བོད་སྐད་ཨུ་གཞུང་སྒྲུབ་ཁང་གི་འགོ་གཙོ་ཚེ་ལོ་དང་། གསེར་ཆེན་རྫོང་དང་ཁྲི་ཀ་རྫོང་། བྲག་དཀར་རྫོང་། མང་རྫོང་། འབའ་རྫོང་བཅས་རྫོང་ལྔའི་བོད་སྐད་ཨུའི་གཞུང་སྒྲུབ་ཁང་གི་འགོ་གཙོ་རྣམས། དེ་མིན་ཁུལ་ཡོངས་བོད་སྐད་ཨུ་བྱ་བའི་ལས་སྒྲུབ་པ་ཡོངས་བཅས་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་སུ། རྫོང་སོ་སོའི་བོད་སྐད་ཨུའི་གཞུང་སྒྲུབ་ཁང་གིས2015ལོའི་བྱ་བའི་དམིགས་ཚད་འགན་འཁྲི་ལེགས་འགྲུབ་གནས་ཚུལ་དང་། 2016ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་ཐད་ཞིབ་ཕྲའི་སྙན་ཞུ་ཕུལ་བ་མ་ཟད། མཚོ་ལྷོ་ཁུལ་བོད་སྐད་ཨུའི་གཞུང་སྒྲུབ་ཁང་དང་རྫོང་སོ་སོའི་བོད་སྐད་ཨུའི་གཞུང་སྒྲུབ་ཁང་བར2016ལོའི་དམིགས་ཚད་འགན་འཁྲིའི་ཡི་གེ་བཀོད་པ་དང་། གཟེངས་ཐོན་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་གནང་།
2015ལོའི་མཚོ་ལྷོ་ཁུལ་གྱི་བོད་སྐད་ཡིག་བྱ་བ་དེ་རིམ་པ་སོ་སོའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་བདེ་བླག་ངང་སྤེལ་ཞིང་། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”མགོ་རྩོམ་པར་རྨང་གཞི་ལེགས་པོ་བཏིངས། 2015ལོའི་ལོ་མགོར་བཀོད་པའི་ཁུལ་ཡོངས་བོད་སྐད་ཡིག་མ་ལག་གི་བྱ་བ་གཙོ་བོའི་དམིགས་ཚད་འགན་འཁྲི་ལྟར། ཁུལ་བོད་སྐད་ཨུའི་གཞུང་སྒྲུབ་ཁང་གིས་དུས་ཚོད་དང་མི་སྣ་གཉི་གའི་སྣོན་ཤུགས་ཁྱད་དུ་བསད་དེ་མི་སྣ་རྩ་འཛུགས་སྒོས་རྫོང་སོ་སོའི2015ལོའི་བོད་སྐད་ཡིག་བྱ་བའི་དམིགས་ཚད་འགན་འཁྲི་ལེགས་འགྲུབ་གནས་ཚུལ་ལ་ལྟ་བཤེར་དུ་སོང་བ་དང་། ཡུལ་དངོས་ལྟ་བཤེར་དང་གླེང་མོལ་སྙན་ཞུ། ཡིག་ཆ་ལྟ་ཀློག་སོགས་ཀྱི་རྣམ་པ་བརྒྱུད་དེ་རྫོང་ལྔའི་བོད་སྐད་ཨུའི་གཞུང་སྒྲུབ་ཁང་གིས་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་བྱ་བ་དང་ལོ་ཙཱའི་གསོ་སྦྱོང་བྱ་བ། བོད་ཡིག་ཡིག་ཚགས་འཚོལ་བཤེར་བྱ་བ། དེ་མིན་རང་སྟེང་འཛུགས་སྐྲུན་བྱ་བ་སོགས་ཕྱོགས4ཡི་ཐད་ཀྱི་ནང་དོན15ལ་རིམ་པ་བཞིན་ཞིབ་བཤེར་དང་དཔྱད་འདེམ་གནང་། དེ་ལས་བྱ་བའི་གྲུབ་འབྲས་ཅུང་གཟེངས་སུ་ཐོན་པ་ནི་གསེར་ཆེན་རྫོང་བོད་སྐད་ཨུའི་གཞུང་སྒྲུབ་ཁང་ཡིན་ཏེ། སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་དག་ཐེར་ཁྲོད། རང་འགུལ་གྱིས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་སྒོས[གསེར་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གི《འབྲེལ་ཡོད་སྔར་ལས་ལྷག་པར་རྣམ་པ་གསར་བའི་འོག་བོད་སྐད་ཡིག་བྱ་བའི་བརྡ་སྦྱོར》]སྤེལ་ཞིང་། ཆབ་ཆ་གྲོང་རྡལ་གྱི་ཁོངས་གཏོགས་སུ་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་བྱ་བའི་ས་ཁོངས་ཅན་གྱི་དོ་དམ་ལ་སྐུལ་འདེད་དང་། ཁང་བའི་མཛེས་བཟོ་སྒྲིག་བཟོ་ཁང་དང་འབྲེལ་གཏུག་ལ་ཤུགས་བསྣན་པ། ལོ་ཙཱ་བྱས་པའི་ཁྲོམ་རའི་ཡིག་བཀོལ་སོ་སོར་དྲ་ལམ་ནས་རྗེས་འདེད་ཞིབ་བཤེར་གནང་སྟེ། འགྱུར་ཡིག་དེ་སྒྲིག་བཟོ་བྱེད་པའི་གོ་རིམ་ཁྲོད་ཀྱི་ནོར་འཛོལ་ཡོ་བསྲང་བྱས། གསེར་ཆེན་རྫོང་བོད་སྐད་ཨུའི་བློ་མཐུན་ལྕགས་འཚོ་ཐར་གྱིས《རྩེར་སྙེག》ཅེས་པའི་དུས་དེབ་ཀྱི2015ལོའི་འདོན་ཐེངས་བཞི་བའི་སྟེང《རྒྱ་བོད་ཁྲིམས་ལུགས་བརྡ་ཆད་ཀྱི་ལོ་ཙཱའི་གནད་དོན་རགས་ཙམ་གླེང་བ》ཞེས་པའི་དཔྱད་རྩོམ་སྤེལ་ཡོད་ལ། ལས་རིགས་ཁྱབ་ཁོངས་སུ་གདེང་འཇོག་ལེགས་པོ་ཐོབ། དེ་མིན་རྫོང་འདིས་ལོ་ངོ་དུ་མར་རྩོམ་སྒྲིག་མཛད་པའི《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ》(བསྡོམས་པས་པོད18)གྱི་ལེགས་སྒྲིག་དང་ཞིབ་བསྡུར། གཏན་འབེབ་བྱ་བ་ལེགས་འགྲུབ་བྱུང་བ་མ་ཟད་དཔར་བསྐྲུན་བྱས།
གྲོས་ཚོགས་སུ། མཚོ་ལྷོ་ཁུལ་གྱི་བོད་སྐད་ཡིག་བྱ་བའི་ཁྲོད་གནས་པའི་གནད་དོན་དང་མི་འདང་སར་དབྱེ་ཞིབ་དང་གྲོས་མོལ་མཛད་ཅིང་། གཙོ་བོར་ཕྱོགས་བཞི་ནས་གསལ་བཤད་བྱས་པ་སྟེ། དང་པོ། བོད་སྐད་ཡིག་བྱ་བའི་ལས་ཁུངས་ཀྱི་སྒྲིག་ཁུངས་ཉུང་བ་དང་དཔུང་ཁག་གཏན་འཇགས་མིན་པས། བྱ་བའི་ཕྱོགས་སོ་སོ་སྤེལ་བར་འགལ་རྐྱེན་ཐེབས། གཉིས་པ། སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་དག་ཐེར་གྱི་བྱ་བའི་ཁྲོད“དཀའ་གནད་མཐའ་སེལ”བྱེད་པའི་སྙིང་སྟོབས་ཆུང་བ་དང་། 《མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》གི་དྲིལ་སྒྲོག་ནུས་པ་མི་འདང་བ། སྒོས་སུ་ཞབས་ཞུ་ལས་རིགས་སུ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་ལ་མཐོང་ཆེན་བྱེད་པའི་ཚད་དམའ་བ། ལག་བསྟར་སྟེང་ཁྲིམས་ལུགས་དང་ཆབ་སྲིད་ཀྱི་མཐོ་སར་འཕར་མི་ཐུབ་པ། གསུམ་པ། ཡུལ་ཚོ་དང་གྲོང་རྡལ་ལས་ཁུངས་ཀྱི་གཞུང་ཞབས་པའི་ཁྲོད་བོད་རྒྱ་སྐད་གཉིས་ཀྱི་དྲུང་ཡིག་མི་སྣ་ཉུང་ཞིང་། སྡེ་བ་དང་སྡོད་ཁུལ་རིམ་པར་བཀྲམ་པའི་ཡིག་ཆ་མང་ཆེ་ཤོས་ཤིག་དུས་ལྟར་བོད་ཡིག་ཏུ་ལོ་ཙཱ་བྱེད་མི་ཐུབ་པ་དང་། རོང་འབྲོག་མང་ཚོགས་ཀྱིས་འབྲེལ་ཡོད་དམངས་ཕན་སྲིད་ཇུས་ཡང་དག་སྒོས་གོ་བ་ལེན་དཀའ་ལ། ཏང་གི་དམངས་ཕན་སྲིད་ཇུས་དེ་ཕྱེད་ཙམ་ལས་གོ་བ་ལེན་དཀའ་བའི་གནས་སུ་ལྷུང་བ། བཞི་བ། བོད་སྐད་ཡིག་གི་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་ལྟ་སྐུལ་དོ་དམ་དེ་མཉམ་ཤུགས་སུ་གྲུབ་མི་ནུས་པས་ལྟ་སྐུལ་ལ་དཀའ་ཁག་ཆེ་བ།
གྲོས་ཚོགས་སུ། ཁུལ་བོད་སྐད་ཨུའི་གཞུང་སྒྲུབ་ཁང་གི་འགོ་གཙོ་ཚེ་ལོ་ཡིས2015ལོའི་ཁུལ་ཡོངས་ཀྱི་བོད་སྐད་ཡིག་བྱ་བའི་གནད་འགངས་ཐད་བཀོད་སྒྲིག་གནང་བ་མ་ཟད་ལས་སྒྲུབ་པ་ཡོངས་ལ་རེ་འདུན་འགའ་བཏོན་པ་སྟེ། དང་པོ། རང་སྟེང་གི་ལས་འགན་ལེགས་སུ་བསྟར་བ་དང་། འབྲེལ་འདྲིས་ལ་ཤུགས་བསྣན་ཏེ་བོད་སྐད་ཡིག་བྱ་བའི་མཉམ་ཤུགས་ཤིག་གྲུབ་ཏུ་འཇུག་པ། གཉིས་པ། རྫོང་སོ་སོའི་སྲིད་གཞུང་གི་བོད་ཡིག་གཞུང་ཕྱོགས་དྲ་བ་བཙུགས་ཏེ། བོད་སྐད་ཡིག་དེ་སྔར་ལས་ཕན་ལྡན་ངང་འཕྲིན་སྦྲེལ་དྲ་བར་འཐིམ་པ་དང་རྒྱ་ཆེ་བའི་བོད་ཡིག་དྲ་དམངས་ལ་ཆ་འཕྲིན་གྱི་ཞབས་ཞུ་སྒྲུབ་ཅིང་། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་དུས་མྱུར་དང་སྟབས་བདེའི་སྲིད་དོན་ཆ་འཕྲིན་གྱི་ཞབས་ཞུ་སྟེགས་བུ་ཞིག་མཁོ་འདོན་བྱེད་པ། གསུམ་པ། ཁུལ་དང་རྫོང་གི་གསར་འཛུགས་གཞུང་སྒྲུབ་ཁང་ལ་མཉམ་འབྲེལ་སྒོས་དངོས་ཐོག་སྤྱོད་འཐུས་ཀྱི《སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་བྱ་བའི་བཀོལ་སྤྱོད་དང་དོ་དམ་བྱ་ཐབས》སྒྲིག་བཟོ་བྱེད་པ་དང་། ཁུལ་ཡོངས་ཀྱི་ལས་ཁུངས་དང་སྡེ་ཁག ཁེ་ལས་ལས་རིགས་ལས་ཁུངས། གྲོང་གསེབ་གྲོང་རྡལ། ཁྲོམ་ར་དང་ཚོང་ར། ཡུལ་སྐོར་མཛེས་ལྗོངས་ཀྱི་སྒྲོག་བྱང་དང་། བརྡ་པང་། བསྒྲགས་པང་། སྦྱར་ཡིག་དང་འཕྲེད་བྱང་སོགས་སྤྱི་ཚོགས་ཀྱི་སྐད་གཉིས་ཡིག་བཀོལ་གནས་ཚུལ་ལ་ཆེད་དོན་དག་ཐེར་བྱེད་པ་མ་ཟད་སྐད་གཉིས་བེད་སྤྱོད་མཐོང་ཆེན་མི་བྱེད་པ་དང་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་དག་ལ་བརྡ་ཁྱབ་སྤེལ་ཏེ་དུས་བཀག་ནང་སྒྲིག་བཅོས་བྱེད་དགོས་པ། བཞི་བ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་སྔོན་ཐོན་ཁུལ་འཛུགས་སྐྲུན་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་མི་རིགས་སྐད་ཡིག་སྡེ་ཁག་གིས་དགོས་ངེས་ཀྱི་བྱས་རྗེས་འཇོག་དགོས་པ། ལྔ་བ། བརྡ་ཆད་གསར་བ་འཚོལ་སྡུད་ལེགས་སྒྲིག་དང་བཀོལ་སྤྱོད་བྱེད་ཚད་རྒྱ་བསྐྱེད་དུ་གཏོང་བ། དབང་གྲགས་ལས་ཁུངས་ཀྱིས་གཏན་འབེབ་གནང་བའི་བརྡ་ཆད་གསར་བ་དུས་ལྟར་སློབ་སྦྱོང་དང་ངེས་འཛིན། ཁྱབ་སྤེལ་དུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་བརྡ་ཆད་གསར་བ་འདིའི་རིགས་ཀྱིས་བོད་སྐད་ཡིག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།