ཁྲི་ཀ་རྫོང་གིས་རྒྱང་རྒྱུག་འགྲན་སྡུར་གྱི་འགྲན་སྡུར་བྱ་འགུལ་སྤེལ།
ཁྲི་ཀ་རྫོང་གིས་རྒྱང་རྒྱུག་འགྲན་སྡུར་གྱི་འགྲན་སྡུར་བྱ་འགུལ་སྤེལ།
རྒྱང་རྒྱུག་བྱེད་བཞིན་པའི་སློབ་མ།
རྒྱང་རྒྱུག་གི་ལམ་དུ།
རྒྱང་རྒྱུག་ཁྲོད་བྱ་དགའ་ཐོབ་མཁན་གྱི་སློབ་བུ་སྐོར་ཞིག
ཉིས་སྟོང་བཅུ་དྲུག་གི་སྟོང་ལོ་གསར་བ་དང་བསྟུན་ནས། ཁྲི་ཀ་རྫོང་གིས་ལོ་རེར་ཐེངས་རེར་སྤེལ་བཞིན་པའི་ཁྲི་ཀའི་གནའ་མཁར་ལ་སྐོར་བ་རྒྱག་པའི་རྒྱང་རྒྱུག་འགྲན་སྡུར་དེ། 2016ལོའི་ཟླ1པོའི་ཚེས1པོར་ཁྲི་ཀ་རྫོང་གི་ཆོས་རྒྱ་ལྷ་ཁང་གི་སྔུན་དུ་བདེ་ལེགས་ངང་སྤེལ།
ལོ་རེའི་རྒྱང་རྒྱུག་འགྲན་སྡུར་ཁྲི་ཀ་རྫོང་རིག་གནས་ཁང་གིས་རྩ་འཛུགས་དང་ཁྲི་ཀའི་སློབ་གྲྭ་སོ་སོའི་ལུས་རྩལ་དགེ་རྒན་གྱིས་རོག་སྒྲུབ་བྱས་ཏེ་སྤེལ་བཞིན་ཡོད་པ་རེད། ཐེངས་འདིའི་འགྲན་སྡུར་ལ་མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པ་དང་། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ། རྨ་ཤར་དང་རྨ་སྲིབ། རྨ་ནུབ་བཅས་ཀྱི་སློབ་ཆུང་དང་སློབ་འབྲིང་སོགས་སློབ་གསོའི་སྡེ་ཁག་བརྒྱད་དང་། རྫོང་གི་སྲིད་གཞུང་ལས་ཁུངས་སོ་སོའི་འཐུས་ཚབ་འགྲན་ཞུགས་པ་བརྒྱ་ལྷག་རེབ་འདིའི་འགྲན་སྡུར་ལ་ཞུགས།
འགྲན་སྡུར་གྱི་རིམ་པ་ལའང་སློབ་ཆུང་དང་སློབ་འབྲིང་གི་ཚན་ཁག་གིས་ཁྲི་ཀའི་གནའ་མཁར་ལ་སྐོར་བ་གཅིག་དང་མཐོ་འབྲིང་དང་དར་མའི་ཚན་ཁག་གིས་ཁྲི་ཀའི་གནའ་མཁར་ལ་སྐོར་བ་གཉིས་རྒྱུག་དགོས་ལ། འགྲན་ཁག་ལའང་སློབ་ཆུང་གི་ཕོ་མོའི་རུ་ཁག་དང་སློབ་འབྲིང་གི་ཕོ་མོའི་རུ་ཁག མཐོ་འབྲིང་གི་སྐྱེས་ཕོ་མོའི་རུ་ཁག དར་མའི་སྐྱེས་ཕོ་མོའི་རུ་ཁག་བཅས་སྐོར་ཁག་བརྒྱད་ལ་བགར་ཡོད་པ་རེད།
འགྲན་སྡུར་གྱི་གོ་རིམ་དུ་འགྲན་ཞུགས་པ་སོ་སོས་ཐུན་མོང་སློབ་གྲྭ་དང་ལས་ཁུངས་ཀྱི་ཁུག་དཔུང་དང་ལ་རྒྱའི་སྤོབས་པ་བཏེགས་ཏེ་འགྲན་སྡུར་ལ་ཞུགས་ཤིང་འགྲན་ཞུགས་པ་སོ་སོས་དགུན་བཙག་རླུང་གི་ངར་ཁ་སྤུ་གྲི་ལས་རྣོ་ནའང་མི་སྒེར་དང་ཐུན་མོང་གི་རྒྱལ་ཁའི་ཆེད་དུ། དཔའ་ངར་ཞུམ་མེད་དང་ངལ་འཁང་གཉིས་བཟོད་སྒོས་ཨམ་གཙིགས་བསྡམས་ཤིང་རྔུལ་ཆུ་དོག་པ་ཟ་འགྲམ་ན་ཁྲོམ་ཁྲོམ་དུ་བཞུར་ནའང་ཧུར་བརྩོན་འབད་ཐག་གི་སྡུག་རུས་དང་ཆེས་མཇུག་མཐའི་གདོང་མཆོངས་ལ་གོམ་འགྲོས་ཀྱི་སྟོབས་ཤུགས་མཚམས་མ་ཆད་པར་མདུན་ཕྱོགས་སུ་བསྐྱོད་དེ་འབྲས་ བཟང་གི་ཆོ་ལོ་ལ་སྙེག་པ་རེད།
སྡོམ་རྩིས་བྱས་པ་ལྟར་ན། སློབ་ཆུང་དང་སློབ་འབྲིང་གི་ཚན་སྐོར་ལས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་བུ་སྐྱེས་ཕོ་མོ་དག་གིས་སྔོན་མའི་ཨང་རིམ་བཅུ་ཟིན་པས། ཐུན་མོང་གི་ཨང་རིམ་དང་པོ་བླངས་པ་དང་། མཐོ་འབྲིང་ཚན་སྐོར་ལས་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སྔོན་མའི་ཨང་རིམ་བཅུ་ཟིན་པས་ཐུན་མོང་གི་ཨང་དང་པོ་བླངས་པ་རེད།
རེབ་འདིའི་འགྲན་སྡུར་གྱིས་སྟོང་ལོ་གསར་བར་ཁྲི་ཀ་རྫོང་གི་ལུས་རྩལ་གྱི་ཆུ་ཚད་སྔར་བས་ཇེ་རྒྱས་ཇེ་ལེགས་དང་གཟུགས་པོ་བདེ་ཐང་ཡོང་བར་གཞོགས་འདེགས་ཀྱི་ནུས་པ་གལ་ཆེན་ཐོན་པ་རེད།