ཡི་དམ་ཚེ་རིང་ལ་་དགེ་རྒན་དཔེ་ལེགས་ཅན་གྱི་གཟེངས་རྟགས་བྱ་དགའ་ཐོབ་པ།
རྩོམ་པ་པོ།:རླངས་ཚང་བསོད་རྡོར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-12-02
ཀློག་གྲངས།:

ཡི་དམ་ཚེ་རིང་ལ་་དགེ་རྒན་དཔེ་ལེགས་ཅན་གྱི་གཟེངས་རྟགས་བྱ་དགའ་ཐོབ་པ།
སྤྱི་ཟླ11པའི་ཚེས26ཉིན་གྱི་དགོང་མོར། ཀྲུང་གོའི་དམངས་སྒྲུབ་སློབ་གསོའི་ལས་ཁུངས་ཀྱིས་དགེ་རྒན་དཔེ་ལེགས་ཅན་ལ་བྱ་དགའ་འབུལ་བའི་བྱེད་སྒོ་དེ་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་ནས་གཟབ་རྒྱས་ངང་བསྡུས། ཚོགས་ཐོག་ཏུ་མི་བདུན་སྟོང་ལྷག་འདུས་ཤིང་ཀྲུང་གོའི་སློབ་གསོ་བ་གྲགས་ཅན་དང་ཤེས་ལྡན་པ་མང་པོ་ཞིག་གཙོར་བྱས་ཞིང་ཆེན་སོ་སོའི་དགེ་རྒན་དཔེ་ལེགས་ཅན་མང་པོ་འཛོམས་ཡོད་པའི་ཁྲོད་དུ། བོད་ཀྱི་འབྲོག་ཁུལ་བྱིས་གཉོར་སློབ་གསོ་བ་གྲགས་ཅན་ཏེ། མང་རྫོང་བྱེ་སྣ་གྲོང་བརྡལ་གྱི་གསར་སྐྱེས་མེ་ཏོག་བྱིས་གཉོར་གླིང་གི་སློབ་གཙོ་ཡི་དམ་ཚེ་རིང་ལ་རྒྱལ་ཡོངས་བྱིས་སྐྱོང་སློབ་གྲྭའི་སློབ་གཙོ་དཔེ་ལེགས་ཅན་གྱི་བྱ་དགའ་ཐོབ་པ་མ་ཟད། ཐེངས་འདིར་ཁོང་ས་གནས་དེར་ཕེབས་ནས་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་ཡོད་པ་རེད།

ཡི་དམ་ཚེ་རིང་ལ་་དགེ་རྒན་དཔེ་ལེགས་ཅན་གྱི་གཟེངས་རྟགས་བྱ་དགའ་ཐོབ་པ།
སློབ་གཙོ་ཡི་དམ་ཚེ་རིང་ནི་མང་རྫོང་བྱེ་སྣ་གྲོང་བརྡལ་བོན་རྒྱ་སྡེ་བ་ནས་སྐྱེས་པའི་འབྲོག་པ་དཀྱུས་མ་སློབ་གསོ་ལ་དགའ་མཁན་ཞིག་སྟེ། ཁོས་སྤྱི་ལོ2003ལོར་གནས་དེར་དབྱར་དགུན་གནང་གི་ཟབ་སྦྱོང་སློབ་གྲྭ་ཆུང་ཆུང་ཞིག་བཙུགས་པ་རིམ་བཞིན་བྱིས་གཉོར་ཁང་དུ་བསྒྱུར་ནས་གནས་དེའི་སློབ་གསོ་ལ་མཁའ་དབུགས་གསར་བ་ཞིག་བསྩལ་བ་མ་ཟད། འབྲོག་ཁུལ་དུ་བྱིས་གཉོར་ཁང་མེད་པའི་ལོ་རྒྱུས་ལ་རྫོགས་ཚིག་བཀོད། སྐབས་དེ་ནས་བཟུང་བྱིས་པ་ཚོའི་སློབ་གསོར་གཙིགས་ཆེན་གྱིས་དཀའ་ངལ་སྣ་མང་གི་ཁྲོད་ནས་གྲུབ་འབྲས་དཔེ་ལེགས་ཅན་བླངས་པའི་སློབ་གཙོ་ཡི་དམ་ཚེ་རིང་ལ་མཚོན་ན་ཡང་ཤེས་ལྡན་དང་འབྱོར་ལྡན་གང་ཡང་མིན་ན་ཡང་། ཁོའི་ལྷག་བསམ་དྲོན་མོའི་གཟི་དཔལ་དེ་གང་སར་འཕྲོ་བཞིན་པའི་སྐབས་ཤིག་ཡིན་པ་ལྟར། ཐེངས་འདིར་ཁོང་རྒྱལ་ཡོངས་དམངས་སྒྲུབ་སློབ་གྲྭའི་སློབ་གཙོ་དཔེ་ལེགས་ཅན་དུ་བདམས་ཐོན་བྱུང་བ་དང་འབྲེལ། ཁོང་གིས་བོད་ཀྱི་སློབ་གསོའི་འཕེལ་རྒྱས་ལ་མུ་མཐུད་དུ་ཤུགས་རྒྱག་པའི་ཆོད་སེམས་ཇེ་བརྟན་དུ་གྱུར་ཡོད་པ་རེད།