རྒྱ་ནག་པ་ཡོན་ཏན་རྒྱ་མཚོའི་སློབ་གསོ་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཆུང་འབྲིང་མཐར་ཕྱིན་སློབ་མར་བྱ་དགའ་གནང་བ།
རྒྱ་ནག་པ་ཡོན་ཏན་རྒྱ་མཚོའི་སློབ་གསོ་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཀླུ་ཆུ་རྫོང་གི2015ལོའི་སློབ་ཆུང་དང་སློབ་འབྲིང་།
མཐོ་འབྲིང་གི་མཐར་ཕྱིན་ལྷན་རྒྱུགས་ཁྲོད་ཨང་གསུམ་པ་ཡན་ལ་བྱ་དགའ་གནང་བའི་མཛད་སྒོ་སྤེལ་བ།
རྒྱ་ནག་པ་ཡོན་ཏན་རྒྱ་མཚོའི་སློབ་གསོ་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཀླུ་ཆུ་རྫོང་གི2015ལོའི་སློབ་ཆུང་དང་སློབ་འབྲིང་།
མཐོ་འབྲིང་གི་མཐར་ཕྱིན་ལྷན་རྒྱུགས་ཁྲོད་ཨང་གསུམ་པ་ཡན་ལ་བྱ་དགའ་གནང་།
ཡུལ་དངོས་ཀྱི་ཟུར་ཞིག
སྤྱི་ཟླ8པའི་ཚེས30ཉིན་གྱི་སྔ་དྲོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མཁར་གྱི་བཀྲ་ཤིས་ཕྱུག་ལོངས་འདུ་ཐང་དུ་རྗེ་རྒྱ་ནག་པ་ཡོན་ཏན་རྒྱ་མཚོའི་སློབ་གསོ་སྐུལ་སྤེལ་ལྷན་ཚོགས་ཀྱིས2015ལོའི་སློབ་གྲྭ་ཆུང་འབྲིང་གི་མཐར་ཕྱིན་ལྷན་རྒྱུགས་ལས་ཨང་གསུམ་པ་ཡན་གྱི་ཕུལ་བྱུང་སློབ་མ་རྣམས་ལ་བྱ་དགའ་དང་དཔང་ཡིག་གནང་པའི་མཛད་སྒོ་སྤེལ་ཞིང་། ལྷན་ཚོགས་ཀྱི་དྲུང་ཡིག་རྟ་མགྲིན་མགོན་པོས་མདོ་འཛིན་བྱས།
ཐེངས་འདིའི་མཛད་སྒོར་ཞུགས་མཁན་ལ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་མཐོ་འབྲིང་གསུམ་པ་དང་དམའ་འབྲིང་གསུམ་པའི་དགེ་སློབ། རྫོང་བོད་རིགས་སློབ་ཆུང་གི་ལོ་རིམ་དྲུག་པའི་དགེ་སློབ་རྣམ་པ། སློབ་མའི་ཁྱིམ་བདག་དང་སྤྱི་ཚོགས་མི་སྣ་སོགས་མི100ལྷག་དང་། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྒྲོལ་མ་སྐྱབས་དང་། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་གདུགས་དཀར་བྲུ་མ། རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་ཀྲུའུ་རིན་ཡན་ཡོན་ཕིན། རྫོང་དམངས་སྲིད་ཅུའུ་ཡི་ཅུའུ་ཀྲང་ལི་ཀྲིན་ཚེ་བཅས་ཡོད། དེ་མིན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་རྒན་མཁའ་འགྲོ་སྐྱབས། ཀྲུའུ་ཞི་བླ་མ་ཚེ་བརྟན་དང་དྲུང་ཡིག་རྟ་མགྲིན་མགོན་པོ། ཚོགས་མིའམ་རྫོང་ཨུའི་རྩ་འཛུགས་པུའུ་ཀྲང་གཞོན་པ་ཚེ་རིང་། གསར་ཞུགས་ཚོགས་མིའམ་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུའུ་ཡི་ཅུའུ་ཀྲང་ཀླུ་འབུམ་བཀྲ་ཤིས། ཚོགས་མིའམ་མཚོ་ཉིན་ལྟེ་བའི་སློབ་ཁུལ་གྱི་སློབ་གཙོ་ཁྱི་གུ་ཐར། གསར་ཞུགས་ཚོགས་མི་འཕགས་པ་ཚེ་རིང་དང་རྡོ་རྗེ་དོན་གྲུབ་བཅས་ཡོད།
ཚོགས་ཐོག་ཏུ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བླ་མ་ཚེ་བརྟན་གྱིས་ལོ་འདི་འགའི་ལྷན་ ཚོགས་ཀྱི་བྱ་བའི་ཐད་ཀྱི་སྙན་ཞུ་ཕུལ་བ་དང་། ལྷན་ཚོགས་ཀྱི་དྲུང་ཡིག་རྟ་མགྲིན་མགོན་པོས2015ལོའི་སློབ་གྲྭ་ཆུང་འབྲིང་གི་ མཐར་ཕྱིན་ལྷན་རྒྱུགས་ཁྲོད་ཨང་གསུམ་པ་ཡན་གྱི་སློབ་བུ་རྣམས་ལ་བྱ་དགའ་གནང་བའི་ ཡིག་ཆ་བསྒྲགས་ཤིང་། བསྡོམས་པས་དམངས་སྒོར17400སློབ་མ་རྣམས་ལ་བྱ་དགའི་མ་དངུལ་དང་གཟེངས་རྟགས་དཔང་ ཡིག་བཅས་གནང་།
རྗེ་རྒྱ་ནག་པ་ཡོན་ཏན་རྒྱ་མཚོའི་སློབ་བུ་བརྒྱ་ཕྲག་དང་ཀླུ་ཆུ་རྫོང་གི་གྲོགས་པོ་གང་མང་ཞིག་གི་ལྷག་བསམ་གྱི་དཀར་ཐིག་ལས་གྲུབ་པའི་ཐེབས་རྩ་འདིས། མེ་ཏོག་ཆུང་རུང་ ལྷ་རྫས་དང་། གུར་གུམ་ཉུང་རུང་སྨན་རྫས་ཀྱི་ཚུལ་དུ་ལོ་ངོ་འདི་དག་གི་རིང་ལ་སློབ་བུ་གང་མང་དང་ཁྱིམ་བདག་གང་མང་གི་བསམ་བློའི་གཏིང་རུམ་དུ་བརྩེ་བ་དང་། སྟོབས་ཤུགས་སྦྱིན། འདི་ནི་རྗེ་རྒྱ་ནག་པའི་མཛད་འཕྲིན་གྱི་རྒྱུན་མཐུད་ཡིན་ལ། ཕྱི་རབས་ལ་བཅིངས་པའི་རེ་བ་ཟབ་མོ་ཞིག་ཀྱང་ཡིན་པར་ངེས།
ཚོགས་རྟགས་མཚོན་དོན་འགྲེལ་བཤད།
རྒྱ་ནག་པ་ཡོན་ཏན་རྒྱ་མཚོའི་སློབ་གསོ་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་རྟགས་ནི་བོད་རྒྱ་ཡིག་རིགས་གཉིས་ཀྱིས་བྲིས་པའི་མིང་དང་། ཚུགས་པའི་དུས་ཚོད། དཔེ་མཚོན་རི་མོ་སྟེ་ཉི་གཞོན་དང་ལྗང་ལོའམ་དཔེ་དེབ་བཅས་ཀྱིས་ཕྱིའི་གཟུགས་རིས་མཎྜལ་ལྟ་བུར་གྲུབ་ཡོད།
རྒྱ་ནག་པ་ཡོན་ཏན་རྒྱ་མཚོའི་སློབ་གསོ་སྐུལ་སྤེལ་ལྷན་ཚོགས་ནི་སྤྱི་ལོ2006ལོའི་ཟླ6པའི་ཚེས10ཉིན་ཚུགས་ཤིང་། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་གཙོ་གཞོན་པ་རྗེ་རྒྱ་ནག་པ་ཡོན་ཏན་རྒྱ་མཚོ་མཆོག་གི་མཐུན་སྒྲིལ་རྒན་བཀུར། འབད་ཁྲིད་བརྩོན་སློབ་ཀྱི་ཐུགས་དགོངས་གཞིར་བཟུང་ཐོག བླ་མ་རིན་པོ་ཆེའི་རླབས་ཆེན་མཛད་འཕྲིན་གྱིས་ཕྱི་རབས་སློབ་བུའི་ལྗང་ལོ་རིས་མེད་དུ་བསྐྱངས་ཤིང་ཀླུ་ཆུའི་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་བཞག་དང་ལེན་བྱ་རྒྱུའི་འདུན་པ་མཚོན་ཡོད།
རྗེ་རྒྱ་ནག་པ་ཡོན་ཏན་རྒྱ་མཚོའི་སློབ་གསོ་སྐུལ་སྤེལ་ལྷན་ཚོགས་ཀྱི་གནས་ཚུལ་མདོར་བསྡུས།
རྗེ་རྒྱ་ནག་པ་ཡོན་ཏན་རྒྱ་མཚོ་མཆོག་གིས་སློབ་གྲྭ་ཁྱིམ་ལྟར་བརྩེ་ཞིང་། སློབ་མ་བུ་ཕྲུག་བཞིན་གཅེས་པ། ཆོས་སྲིད་སྦྱིན་གཏོང་ལ་དཔའ་བ་ཞེས་པའི་མར་མེ་ལྟ་བུའི་བཞེད་དགོངས་དང་། མི་རིགས་སློབ་གསོའི་ལས་དོན་ལ་མཛད་རྗེས་བླ་མེད་བཞག་པའི་དགོངས་པ། ཁོང་གིས་ནམ་ཡང་མཛའ་མཐུན་རོགས་རེས་དང་། མི་རིགས་མཐུན་སྒྲིལ། བཟང་བསྟོད་དབུལ་རོགས་ལ་སྐུལ་པའི་སྲོལ་རྒྱུན་སྤྱོད་བཟང་དང་། སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་དཀའ་ཁག་ཅན་དག་གིས་སློབ་གཉེར་ལེགས་པར་འགྲུབ་རྒྱུར་རོགས་སྐྱོར་མཛུབ་སྟོན་གྱི་འདུན་མ་རླབས་པོ་ཆེ་དར་སྤེལ་གཏོང་ཆེད། ཁོང་གི་བུ་སློབ་ཚོས་སྐུ་ཉིད་ཞི་བར་གཤེགས་ནས་ལོ་འཁོར་བཅུ་དྲུག་ལོན་པའི་རྗེས་དྲན་བྱེད་སྒོའི་སྐབས་གླགས་དང་སྦྲགས་ནས། རྗེ་རྒྱ་ནག་པ་ཡོན་ཏན་རྒྱ་མཚོའི་སློབ་གསོའི་རོགས་སྐྱོར་ཐེབས་རྩ་ཚོགས་པ་ཞེས་པ་འཛུགས་རྒྱུར་ཐག་བཅད་ཅིང་། བོད་རིགས་སློབ་འབྲིང་གི་རབས་སོ་སོའི་མཐར་ཕྱིན་སློབ་མ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་རྣམས་ལ་གྲོས་སུ་བཏབ་པ་ལས། ཁྱོན་བསྡོམས་དམངས་སྒོར64511ཐེབས་རྩ་ལ་རྨང་གཞིའི་ཞལ་འདེབས་ཐོབ། དེ་ཡང2006ལོའི་ཟླ6པའི་ཚེས6ལ་རྗེ་རྒྱ་ནག་པ་ཡོན་ཏན་རྒྱ་མཚོའི་སློབ་གསོ་སྐུལ་སྤེལ་ལྷན་ཚོགས་ཞེས་པ་དངོས་སུ་བཙུགས་ཤིང་། དེའི་རྗེས་ཞལ་འདེབས་གནང་མཁན་དག་གིས་འདེམས་ཤོག་འཕེན་པའི་རྣམ་པ་སྤྱད་དེ་རྒྱུན་ལས་ལས་འཛིན་སྐབས་དང་པོའི་མི་སྣ་བདམས་ཐོན་བྱུང་ཞིང་། ཐེངས་དང་པོ་དང་གཉིས་པའི་རྒྱུན་ལས་ལས་འཛིན་གྱི་གྲོས་ཚོགས་བསྡུས་ཏེ། ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་། མ་དངུལ་དོ་དམ་བྱེད་ཐབས་སོགས་འབྲེལ་ཡོད་སྒྲིག་ལུགས་ཁག་ཞིབ་འཇུག་གཏན་ཕབ་བྱས། ལོ་སྔོན་མ་གསུམ་པོར་མཐར་ཕྱིན་སློབ་མ་དག་ལས་ཚད་གཞིར་ལོངས་མཁན་མེད་པས་རོགས་སྐྱོར་མ་བྱས། 2009ལོར་རྒྱུན་ལས་ལས་འཛིན་པའི་གྲོས་ཚོགས་བསྡུས་ཏེ་ལྷན་ཚོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་གྲོས་སྡུར་བྱས་པ་མ་ཟད། སློབ་མ་བཟང་བོར་བྱ་དགའ་དང་དཀའ་ཁག་ཅན་ལ་རོགས་སྐྱོར་བྱེད་པའི་ཆ་རྐྱེན་དང་ཚད་གཞི་བཅོས་སྒྲིག་བྱས་ཏེ་སློབ་མ་རེ་རེའི་སློབ་སྦྱོང་གི་མོས་པ་བསྐྱེད་ཅིང་བྱ་དགའི་བདག་རྐྱེན་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཇེ་མཐོར་ཡོང་ཕྱིར། ལོ་རེར་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་བཅས་ནས་མཐར་ཕྱིན་པའི་སློབ་མ་ལས་ཨང་རིམ་སྔོན་མ་གསུམ་ལ་བྱ་དགའ་སྟེར་རྒྱུར་ཐག་བཅད། དེ་ལ2010ལོར་མཐར་ཕྱིན་སློབ་མ9ལ(སློབ་ཆུང་གི་ཨང་རིམ་སྔོན་མ3དང་། དམའ་འབྲིང་གི་ཨང་རིམ་སྔོན་མ3དང་། མཐོ་འབྲིང་གི་ཨང་རིམ་སྔོན་མ3བཅས་ལ)གཟེངས་བསྟོད་བྱས་ཡོད་པར། སློབ་གསོའི་རོགས་དངུལ་དམངས་སྒོར10000བཏང་ཡོད། 2011ལོའི་ཟླ3པའི་ཚེས20ལ། སྐུ་ཉིད་ཀྱིས་བཙུགས་ཏེ་བསྒྲུབ་པའི་མཐོ་འབྲིང་འཛིན་གྲྭའི་སློབ་མ་སྟེ། བློ་མཐུན་བན་དེ་མཁར་གྱིས་རྨ་ཆུ་རྫོང་གི་ཀུང་སི་ག་གེ་མོ་ནས་དམངས་སྒོར་ཁྲི10བརྩོན་ལེན་བྱུང་བས། ལྷན་ཚོགས་ཀྱི་ཐེབས་རྩ་སྔར་བས་རྒྱ་བསྐྱེད་པར་གྱུར་ཅིང་། དེང་ཕྱིན་གྱི་བྱ་དགའི་བདག་རྐྱེན་གནང་བར་ཁག་ཐེག་ཐོབ།