སི་ཁྲོན་བོད་ཁུལ་གྱི་རྩོམ་མཁན་དར་གཞོན་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
སི་ཁྲོན་བོད་ཁུལ་གྱི་རྩོམ་མཁན་དར་གཞོན་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
ཀྲུང་གོའི་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་
ཚོགས་གཙོ་གཞོན་པ་བསྟན་འཛིན་གྱིས་སློབ་ཁྲིད་གནང་བཞིན་པ།
སྤྱི་ཟླ7པའི་ཚེས7ཉིན། སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་འགན་གནང་བའི་སི་ཁྲོན་བོད་ཁུལ་གྱི་དར་མ་དང་གཞོན་ནུའི་རྩོམ་པ་པོའི་གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭ་དེ་དར་མདོ་ནས་དཀར་མཛེས་མི་རིགས་ལས་བྱེད་སློབ་གྲྭའི་ཕྱོགས་བསྡུས་ཐོག་ཁང་གི་བོད་ལུགས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས།
དཀར་མཛེས་ཁུལ་ཨུའི་ཡི་ཧྲུའུ་ཅི་གཞོན་པ། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་དབྱང་དང་། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་ཀུའུ་ཡུན་ལུང་། སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་ལེ་སོགས་འབྲེལ་ཡོད་འགོ་ཁྲིད་དང་རྔ་བ་ཁུལ་དང་དཀར་མཛེས་ཁུལ་གཉིས་ནས་འོངས་བའི་རྩོམ་པ་པོ་རྒན་དར་གཞོན་གསུམ་བཅས་ཀྱིས་གྲུབ་པའི་ཁྱོན་ཚོགས་མི170ལྷག་ཐེངས་འདིའི་གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭར་ཞུགས།
ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཏང་ཙུའུ་ཡི་ཁོངས་མི་དང་ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་ལུའོ་ཡུང་གིས་མདོ་འཛིན་མཛད་པ་དང་། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་དབྱང་གིས་ཤིས་ཚིག་ཕུལ། གསོ་སྦྱོང་འཛིན་གྲྭའི་འཐུས་ཚབ་སློབ་གྲོགས་ཀྱིས་གཏམ་བཤད་སྤེལ་བ་དང་། གསོ་སྦྱོང་འཛིན་གྲྭའི་འཛིན་བདག་གིས་གསོ་སྦྱོང་བྱེད་དུས་ཀྱི་སྒྲིག་ལམ་དང་འགྲོ་ལུགས་ཁྱབ་བསྒྲགས་བྱས་ལ། སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་ལེས་གཏམ་བཤད་གནང་བ་དང་མདོ་འཛིན་པས་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་མགོ་དངོས་སུ་རྩོམ་རྒྱུ་ཁྱབ་བསྒྲགས་བྱས།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ཉིན་བཞིའི་རིང་ལ་ཚོགས་རྒྱུ་ཡིན་པ་དང་། ཀྲུང་གོའི་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བསྟན་འཛིན་དང་། སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་ལེ། ཧུའུ་པེ་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་སྙན་ཞུ་རྩོམ་རིག་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལི་ཁྲུན་ལེ། སྒྲུང་གཏམ་པ་གྲགས་ཅན་ཀྲུའུ་ཡོང་། ཞིང་ཆེན་ཚགས་པར་དང་དུས་དེབ་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་དཔྱད་འདེམས་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཝུའུ་སུང་ཆའོ་སོགས་རྩོམ་རིག་སྐོར་གྱི་མཁས་པ་མང་པོ་ཞིག་གིས་རེས་མོའི་སྒོ་ནས་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་སློབ་ཁྲིད་གནང་།