logo

དགེ་རྒན་སྟོབས་ལྡན་གྱིས་ཡུལ་ཤུལ་ཁུལ་གྱི་བོད་ཡིག་དགེ་རྒན་རྣམས་ལ་སློབ་ཁྲིད་གནང་བ།

རྩོམ་པ་པོ།:སྦྱིན་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-06-10 ཀློག་གྲངས།:


མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྟོབས་ལྡན་ལགས་ཀྱིས་སློབ་ཁྲིད་གནང་བཞིན་པ།

     ཉེ་སྔོན། ཡུལ་ཤུལ་ཁུལ་གྱི་དགེ་རྒན173མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དར་མའི་སློབ་གསོའི་སློབ་གླིང་དུ་གསོ་སྐྱོང་སྦྱོང་བརྡར་བྱས་རྗེས་སུ། སྤྱི་ཟླ5བའི་ཚེས31ནས་སྤྱི་ཟླ6པའི་ཚེས19བར་དུ་ཆེད་ལས་སློབ་ཚན་སོ་སོའི་ཁ་ཕྱོགས་ལྟར་སློབ་གྲྭ་སོ་སོར་ཕྱིན་ཏེ་སློབ་གསོ་སློབ་ཁྲིད་ཇི་ལྟར་བྱ་ཚུལ་སྐོར་ལ་དཔྱད་ཞིབ་དང་སྦྱོང་བརྡར་བྱེད་པ་རེད།


དགེ་རྒན་གསོ་སྦྱོང་དུ་འཛིན་གྲྭ་གཉིས་ཡོད་པ་ལས་འཛིན་གྲྭ་དང་པོའི་དྲན་རྟེན་མཉམ་པར།

     དེས་ན་སྤྱི་ཟླ5བའི་ཚེས26སྟེ་རེས་གཟའ་མིག་དམར་ཉིན་གྱི་ཕྱི་དྲོའི་དུས་ཚོད2:30ནས5:30བར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དར་མའི་སློབ་གསོའི་སློབ་གླིང་གི་སློབ་ཁྲིད་ཐོག་ཁང་བཞི་ཐོག་གི་སློབ་ཁང406ཏུ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་སྟོབས་ལྡན་ལགས་ཀྱིས་ཡུལ་ཤུལ་ཁུལ་གྱི་བོད་ཡིག་དགེ་རྒན་རྣམས་ལ་གནའ་དེང་སློབ་གསོ་སློབ་ཁྲིད་རྣམ་བཤད་ཅེས་པ་བརྗོད་གཞིར་བཟུང་སྟེ་སྣ་མང་ཤེས་སྟོབས་གཞུང་ལུགས་ལས་བསྟན་པའི་ཤེས་སྟོབས་དགུ་དང་། མདོ་སྡེ་རྒྱན་ལས་བསྟན་པའི་དགེ་རྒན་གྱི་མཚན་ཉིད་བཅུ། སློབ་གཉེར་གྱི་ཐབས་ལམ་དང་སློབ་སྦྱོང་ལ་གོམས་འདྲིས་བསྟན་ཐབས་བཅས་ཀྱི་སྐོར་ནས་སློབ་ཁྲིད་རིན་ཐང་ལྡན་པ་ཞིག་གནང་ཞིང་། དེའི་ནང་དོན་གཙོ་བོ་མདོར་བསྡུས་ཙམ་ཞིག་ཟིན་བྲིས་སུ་བགྱིས་པ་ནི་འདི་ལྟ་སྟེ།
དོན་ཚན་དང་པོ། སྣ་མང་ཤེས་སྟོབས་གཞུང་ལུགས།
     ཕྱི་རྒྱལ་གྱི་སློབ་གསོ་ཞིབ་འཇུག་པ་ཅ་ཏི་ནས་བརྩམས་པའི་སྣ་མང་ཤེས་སྟོབས་གཞུང་ལུགས་ལས་ཤེས་སྟོབས་ལ་ནང་གསེས་སུ་དབྱེ་བ་དགུ་ཡོད་དེ།
༡ སྐད་ཆའི་ཤེས་སྟོབས།
༢ གཏན་ཚིགས་ཀྱི་ཤེས་སྟོབས།
༣ ལྟ་བའི་ཤེས་སྟོབས།
༤ ལུས་རྩལ་གྱི་ཤེས་སྟོབས།
༥ སྒྲ་དབྱངས་ཀྱི་ཤེས་སྟོབས།
༦ འབྲེལ་འདྲིས་ཀྱི་ཤེས་སྟོབས།
༧ རང་ཉིད་ངོས་འཛིན་གྱི་ཤེས་སྟོབས།
༨ འཚོལ་ཞིབ་ཀྱི་ཤེས་སྟོབས།
༩ འཚོ་གནས་ཀྱི་ཤེས་སྟོབས།
     དུས་ཚོད་ཀྱི་དབང་གིས་རག་བསྡུས་ཙམ་ཞིག་ལས་ཤེས་སྟོབས་དགུ་པོ་འདི་དག་རེ་རེ་བཞིན་སློབ་ཁྲིད་བྱེད་ཐུབ་ཀྱི་མེད་པས་ཞིབ་ཏུ་དྲ་ཐོག་ནས་ཤེས་སྟོབས་ཀྱི་སྒྲིག་གཞི་ཞེས་པར་འཚོལ་ཆོག  དཔེ་དེབ་འདི་དཔར་བསྐྲུན་བྱས་པའི་དུས་ཚོད་ནི1983ལོར་ཡིན་ཞིང་སྐབས་དེར་ཤེས་སྟོབས་བདུན་དུ་བསྟན་ཡོད་ཅིང་། རྗེས་སུ་མུ་མཐུད་དུ་ཞིབ་འཇུག་བྱས་པ་བརྒྱུད་དེ་ཤེས་སྟོབས་མཇུག་མ་གཉིས་པོ་ཁ་བསྣོན་བྱས་ནས་བསྡོམས་བརྗོད་བྱ་ཤེས་སྟོབས་དགུ་རུ་བསྟན་ཏེ་སྤྱི་ལོ1995ལོར་དཔར་དུ་བསྐྲུན་པ་ཞིག་རེད།
    སྤྱིའི་ཆ་ནས་འགྲོ་བ་མི་དང་སློབ་མ་ཞིག་ཡིན་པ་ནས་བཟུང་སྟེ་ཤེས་སྟོབས་ཆེ་ཆུང་མ་གཏོགས་གཞི་རྩའི་ཆ་ནས་ཤེས་སྟོབས་དག་ཡོད་ངེས་རེད། སློབ་མ་སོ་སོའི་ཤེས་སྟོབས་ཆེ་ཆུང་དེ་དང་དེ་ལ་དཔག་པའི་སློབ་གསོའི་ཐབས་ལམ་ཡང་དག་སྤྱད་དེ་ཤེས་སྟོབས་ཆེ་སྐྱེད་ཡོང་ཐབས་སུ་བརྩོན་གལ་ཆེ་བ་ཡིན།
     སྐད་ཆ་ལ་ནང་གསེས་སུ་ངག་ཐོག་གི་སྐད་ཆ་དང་ཡིག་ཐོག་གི་སྐད་ཆ་དང་གཉིས་སུ་ཡོད་ཅིང་། དེ་བཞིན་དུ་འཚོ་བའི་སྐད་ཆ་དང་སློབ་ཁྲིད་ཀྱི་སྐད་ཆ་བཅས་སུ་ཡོད་པ་བཅས་ལ་ངག་སྒོ་ཡངས་ཐབས་བྱ་དགོས།
ཤེས་སྟོབས་དགུ་ལས་རང་ཉིད་ངོས་འཛིན་གྱི་ཤེས་སྟོབས་དམིགས་སུ་བཟུང་སྟེ་བཤད་པ།
     རང་ཉིད་མི་ཞིག་ཡིན་པའི་ངོས་འཛིན་ཡང་དག་ཡོད་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། མི་ཡི་ལུས་རྟེན་ལ་ཡང་མི་ལུས་ཙམ་པོ་བ་སྟེ་མི་ལུས་ཕལ་བ་དང་། མི་ལུས་རིན་ཆེན་ཏེ་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་ཆེན་བཅས་སུ་ཡོད།
༡ མི་ལུས་ཙམ་པོ་བ་ནི། རྗེ་བཙུན་མི་ལ་རས་པས་ཁྱི་ར་བ་མགོན་པོ་རྡོ་རྗེ་ལ། སྤྱིར་དལ་འབྱོར་མི་ལུས་དཀོན་མོད་ཀྱང་། །ཁྱོད་འདྲ་བ་མཐོང་ན་དཀོན་རྒྱུ་མེད། །ཅེས་དང་།
༢ མི་ལུས་རིན་ཆེན་ཞིག་བྱ་འདོད་ཚེ་རྗེ་བློ་བཟང་གྲགས་པས་ཡོན་ཏན་གཞི་གྱུར་མ་ལས། ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། །ཤིན་ཏུ་རྙེད་དཀའ་དོན་ཆེ་ཤེས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ། །རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། །ཞེས་སུ་ཐུགས་སྨོན་མཛད་པ་ལྟ་བུའི་བསམ་བློ་དང་ལྡན་གལ་ཆེ་བ་ཡིན།
༡ རང་ཉིད་སྨྲ་ཤེས་ཤིང་དོན་གོ་བའི་འགྲོ་བ་མི་ཞིག་ཡིན་པའི་ངོས་འཛིན་ཡང་དག་ཡོད་དགོས་པ།
༢ རང་ཉིད་བོད་རིགས་ཏེ་བྱམས་དང་སྙིང་རྗེ་རྒྱུད་ལྡན་གྱི་མི་རིགས་བཟང་པོ་ཞིག་ཡིན་པའི་ངོས་འཛིན་ཡང་དག་ཡོད་དགོས་པ།
༣ རང་ཉིད་བོད་ཀྱི་ཤེས་ལྡན་པ་ཞིག་ཡིན་པའི་ངོས་འཛིན་ཡང་དག་ཡོད་དགོས་པ།
༤ རང་ཉིད་དགེ་རྒན་ཞིག་ཡིན་པའི་ངོས་འཛིན་ཡང་དག་ཅིག་ཡོད་དགོས་པ།
     དགེ་རྒན་ལ་ཡང་དགེ་རྒན་ཙམ་པོ་བ་དང་ཚད་ལྡན་གྱི་དགེ་རྒན་བཅས་སུ་ཡོད་པ་ལས་རང་ཉིད་ཚད་ལྡན་གྱི་དགེ་རྒན་ཞིག་བྱ་རྒྱུའི་མོས་འདུན་རྩེ་གཅིག་པ་ཡོད་གལ་ཆེ་ཞིང་། དགེ་རྒན་གྱི་གོ་ས་དེ་ནི་མཁས་པའི་གོ་ས་དང་ཆེད་མཁས་པའི་གོ་ས་བཅས་ལས་མཐོ་བ་ཡོད། གོ་ས་ཇི་ཙམ་མཐོ་བ་དེ་ཙམ་གྱི་འགན་ཁྲི་ཡང་ལྕི་ཞིང་། འགན་ཁྲི་ཇི་ཙམ་ལྕི་བ་དེ་ཙམ་གྱིས་བྱ་བཞག་སྒྲུབ་ན་དགེ་མཚན་དང་རིན་ཐང་ཆེ་བ་ཡོད། དེས་ན་དགེ་རྒན་གྱི་ལས་གནས་འདི་ལས་གནས་ཐམས་ཅད་ཀྱི་ནང་ནས་ཧ་ཅང་རིན་ཐང་ཆེན་བའི་ལས་གནས་བཟང་པོ་ཞིག་ཡིན། ལྟོས་དང་སྐྱེས་མ་ཐག་པའི་བྱིས་པ་སྨྲ་བརྗོད་དང་བསམ་གཞིག་གི་ནུས་པ་བཅས་གང་ཐད་ནས་བ་གླང་དང་ཁྱད་པར་མེད་པ་དེ་ཉིད་མི་རུ་བསྒྱུར་པ་པོ་དེ་སུ་ཞིག་རེད་ཅེ་ན་དགེ་རྒན་རེད། གང་ཟག་གང་ཞིག་གི་བསམ་སྤྱོད་སོགས་མི་ཉན་པ་ཉན་པར་གཏོང་པ་པོ་དེ་ཡང་སུ་ཞིག་ཡིན་ནམ་ཞེ་ན་དེའང་དགེ་རྒན་ལས་མ་འདས། དེ་ཡང་རྗེ་བློ་བཟང་གྲགས་པས་མཛད་པའི་ལམ་རིམ་ཆེན་མོ་ལས། ཡོན་ཏན་སྣ་གཅིག་སྐྱེ་བ་དང་སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་དགེ་བའི་བཤེས་གཉེན་དམ་པར་རག་ལས་པ་ཡིན་ཞེས་གསུངས་ཤིང་། དེ་ཕྱིར་དགེ་རྒན་ནི་ཧ་ཅང་རྩ་ཆེན་ཡིན་ལ་སློབ་མས་དགེ་རྒན་གྱི་ལྟ་བ་དང་བསམ་བློ། ལག་ལེན། སྤྱོད་ལམ་རྣམ་བཞི་བཅས་ལ་ཚད་མར་འཛིན་ཏེ་ཡིད་ཆེས་དང་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་དེ། དཔེར་ན། དགེ་རྒན་གྱིས་བཤད་པའི་སྐད་ཆ་ཞིག་དྲིན་ཆེན་ཕ་མས་དགེ་རྒན་གྱིས་བཤད་པ་དེ་ལྟར་མ་རེད་ཅེས། རང་ཉིད་ཀྱི་བུ་ཕྲུག་ལ་བཤད་ན་རང་ཉིད་ཀྱི་བུ་ཕྲུག་གིས་ཀྱང་དེར་ཁས་ལེན་བྱེད་དཀའ་བའི་སྣང་ཚུལ་འདིས་ཤེས་རྟོགས་ཐུབ་ཅིང་། དེས་ན་དགེ་རྒན་སྒོ་གསུམ་གྱི་ཀུན་སྤྱོད་ངན་པ་ཞིག་ཡིན་ན་སློབ་མ་ཡང་ངན་པ་ཞིག་དང་། དགེ་རྒན་གྱི་སྒོ་གསུམ་ཀུན་སྤྱོད་བཟང་པོ་ཞིག་ཡིན་ན་སློབ་མ་ཡང་བཟང་པོ་ཞིག་ཏུ་འགྱུར་བའི་ཕྱིར་ན། དགེ་རྒན་གྱིས་རང་ཉིད་ཀྱི་ཀུན་སྤྱོད་སྣང་མེད་དུ་མི་འདོར་བར་དོ་སྣང་ཆེན་པོས། སློབ་མས་མིག་དཔེ་འོས་པའི་རང་གི་ལག་ལེན་དངོས་ཀྱི་ཐོག་ནས་སློབ་མར་བསམ་སྤྱོད་སློབ་སྟོན་བྱ་ཐུབ་པ་ཞིག་ཡོང་བར་འབད་གལ་ཆེ་བ་ཡིན།

གཙོ་ངོས།ཤོག་ངོས་གོང་མ།12ཤོག་ངོས་འོག་མ།ཤོག་ངོས་མཐའ་མ།


འབྲེལ་ཡོད་འོས་སྦྱོར།