ཁྲི་ཀའི་མི་རིགས་སློབ་འབྲིང་དུ་རྫས་དངོས་ཤེས་བྱ་འགྲན་བསྡུར་སྤེལ་བ།
ཁྲི་ཀའི་མི་རིགས་སློབ་འབྲིང་དུ་རྫས་དངོས་ཤེས་བྱ་འགྲན་བསྡུར་སྤེལ་བ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་རྫས་དངོས་ཚན་ཁག་གིས་སློབ་རའི་འཚོ་བ་ཕུན་སུམ་ཇེ་འཛོམས་དང་སློབ་མ་རྣམས་རྫས་དངོས་རིག་པའི་ཤེས་བྱ་ལ་སྤྲོ་བ་ཇེ་ལྡན་དུ་འགྲོ་བ། རྫས་དངོས་ཤེས་བྱའི་ཁྲིད་སྦྱོང་གི་སྤུས་ཚད་མཐོར་འདེགས་ཡོང་བ་དང་ཆབས་ཅིག་ཏུ་འབྲིང་རྒྱུགས་ལ་དམིགས་བཙུགས་ནས་རྫས་དངོས་ཤེས་བྱ་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤྱི་ཟླ5བའི་ཚེས10ཉིན་གྱི་ཕྱི་དྲོར་སློབ་གྲྭའི་སྐས་རིམ་སློབ་ཁང་དུ་སྤེལ།
ཁྲི་ཀའི་མི་རིགས་སློབ་འབྲིང་དུ་རྫས་དངོས་ཤེས་བྱ་འགྲན་བསྡུར་སྤེལ་བ།
ཐེངས་འདིའི་བྱ་འགུལ་ལ་ལོ་རིམ་བརྒྱད་པའི་སློབ་མ100ལྷག་འགྲན་བསྡུར་སྣང་ཚུལ་ལ་ལྟ་ཞིབ་དང་རྒྱུས་ལོན་དུ་ཡོང་བ་དང་ལོ་རིམ་དགུ་བའི་འཛིན་གྲྭ་དགུ་ཡི་སློབ་མ360བཅས་བསྡོམས་པའི་སློབ་མ460ལྷག་ཞུགས་ཤིང་། དེའི་ནང་དུ་འཛིན་གྲྭ་རེ་ནས་སློབ་མ3རེ་འགྲན་སྡུར་ལ་ཞུགས།
རེབ་འདིའི་འགྲན་བསྡུར་ཚན་པ་ལའང་ངེས་ལེན་དྲི་བ་དང་འཕྲོག་རྩོད་དྲི་བ། ཉེན་ཁ་ཅན་གྱི་དྲི་བ། དངོས་བཤེར་ལག་ལེན། སྤྲོ་ལྡན་ཤེས་བྱའི་དྲི་བ་བཅས་ཚན་པ་ལྔ་རུ་བགོས་ཡོད་པ་ལས། དངོས་ལུགས་ཤེས་བྱའི་དྲི་བ60%དང་རྫས་འགྱུར་ཤེས་བྱའི་དྲི་བ40%ཟིན་ཡོད།
ཁྲི་ཀའི་མི་རིགས་སློབ་འབྲིང་དུ་རྫས་དངོས་ཤེས་བྱ་འགྲན་བསྡུར་སྤེལ་བ།
གསལ་དག་སྙན་གསུམ་གྱི་མདོ་འཛིན་པའི་བཀོད་སྒྲིག་འོག་རིམ་པ་རེ་རེ་སློབ་མ་སོ་སོ་དང་འཛིན་གྲྭ་སོ་སོའི་ཐུན་མོང་གི་བློ་གྲོས་ཁྲོད་ནས་བྱ་རྒོད་པོས་མཐོངས་དབྱིངས་སུ་གཤོག་རྩལ་ངོམ་པ་དང་རྟ་འདོ་བས་ཐང་བདེ་མོར་བང་རྩལ་ངོམ་པ། ཉ་གསེར་མིག་གིས་ཡངས་རྒྱ་མཚོར་རྐྱལ་རྩལ་ངོམ་པ་བཞིན་རང་རང་གི་རྣམ་དཔྱོད་བློ་གྲོས་བཟང་པོས་གཅིག་ལས་གཅིག་བཟང་གི་བློ་རིག་དང་ལག་ལེན་ཉམས་མྱོང་མངོན་པར་དོད་པས་འགྲན་སྡུར་ཛ་དྲག་དང་འཁྲུག་ཆ་ཅན་དུ་བསྒྱུར། ལྷག་པར་སྟེགས་བུ་བརྒྱུད་ནས་གཏན་འཁེལ་དུས་ཚོད་ལྟར་དངོས་བཤེར་ལག་ལེན་བྱས་པས་གཤམ་གྱི་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ་པ་དང་། ཚན་པ་རེ་རེའི་བར་གསེང་དུ་འགྲན་ཞུགས་པའི་སེམས་ཁམས་སྙོམ་སྒྲིག་གི་ཆེད་དུ་གླུ་དང་གླུ་དབྱངས། རྡུང་ལེན་བཅས་བར་རྒྱན་དུ་བསྣན་ཏེ་བྱ་འགུལ་ཧྲིལ་བོར་གསོན་ཤུགས་བསྣན། སྣང་ཚུལ་འདི་ལས་མ་འོངས་བོད་ཀྱི་སློབ་བུ་འདི་དག་ཀྱང་ཚན་རིག་ལ་དགའ་བ། དངོས་ལུགས་ལ་མཁས་པ། རྫས་འགྱུར་ལ་བྱང་བའི་མི་འཇོན་ཐང་ཅན་སྐོར་ཞིག་སྐྱེད་སྲིང་བྱས་ཡོད་པ་གདོན་མི་ཟའོ།།