logo

རྒྱལ་ཁབ་ཕྱི་ནང་ཀུན་ན་བཞུགས་པའི་བོད་རིགས་མཁས་དབང་ཡོངས་ལ་ཕུལ་བའི་ཞུ་འཕྲིན་ཡིད་ཀྱི་མེ་ཏོག

རྩོམ་པ་པོ།:དགེ་མང་འཇམ་དཔལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-09 ཀློག་གྲངས།:


འཇམ་མགོན་ཐོན་མི་སམ་བྷོ་ཊ་ལ་ན་མོ།

      དེ་ཡང་རང་ཅག་ཁ་བ་རི་བའི་ཡུལ་གྲུ་འདིར་ལོ་ངོ་སྟོང་ཕྲག་དུ་མའི་གོང་ནས་ཤེས་རིག་གི་དཔལ་རྒྱས་ཏེ་འཛམ་གླིང་ཤར་ཕྱོགས་ཀྱི་ཤེས་ཡོན་ལྡན་པའི་རྒྱལ་ཁབ་དག་གི་ཁྲོད་དུ་རིག་གཞུང་སྣ་ཚོགས་ཀྱི་རང་རྐང་ཚུགས་པའི་ཡུལ་ཁམས་མཆོག་ཏུ་གྱུར་པ་ཞིག་ཡིན་ཞིང་། དུས་རབས་སོ་སོར་ཡང་བོན་གྱི་སྟོན་པ་གཤེན་རབ་དང་། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། བཻ་རོ་ཙཱ་ན། ལོ་ཆེན་རིན་ཆེན་བཟང་བོ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། མ་ཅིག་ལབ་སྒྲོན། མར་མི་དྭགས་གསུམ། ཀློང་ཆེན་རབ་འབྱམས་པ། ས་པཎ་ཀུན་དགའ་རྒྱལ་མཚན། ཀུན་མཁྱེན་དོལ་བུ་བ། བུ་སྟོན་རིན་ཆེན་གྲུབ། རྒྱལ་བ་ཙོང་ཁ་བ་སོགས་རིག་གཞུང་གསར་གཏོད་བྱེད་མཁན་གྱི་མི་སྣ་རླབས་ཆེན་ཟམ་མ་ཆད་པར་བྱོན་མྱོང་ཞིང་། ཡང་སྒོས་དུས་རབས་བདུན་པའི་ནང་དུ་ཇི་སྐད་དུ། བོད་ཁ་བ་ཅན་གྱི་མི་རྣམས་ལ། །ང་ཐོན་མིའི་བཀའ་དྲིན་མི་ཆེ་འམ། །ཞེས་གསུངས་པ་ལྟར་བོད་ཀྱི་སློབ་དཔོན་དང་པོ་ཐོན་མི་སམ་བྷོ་ཊས་བོད་རང་གི་སྐད་དང་མཐུན་པའི་ཡི་གེ་གསར་དུ་བཟོས་ཏེ། བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་པས་ཕྱི་རབས་བོད་ཀྱི་རིག་གཞུང་དབྱར་མཚོ་ལྟ་བུ་རྒྱས་པ་ལ་གཞན་གྱིས་བསྒྲུན་དུ་མེད་པའི་ཕྱག་རྗེས་བཞག་ཡོད།  ཡིན་ནའང་དུས་ད་ལྟའི་བར་དུ་སློབ་དཔོན་ཐོན་མིའི་མཛད་རྗེས་ལས་བརྩམས་པའི་རྗེས་དྲན་དུས་ཆེན་ནི་བོད་ཀྱི་ལོ་རྒྱུས་ཐོག་ཏུ་བྱུང་མ་མྱོང་བས། ཚུལ་འདི་ཞིབ་ཏུ་བསམ་ན་ང་ཚོའི་ཕྱི་རབས་པ་རྣམས་ཧ་ཅང་ངོ་གནོང་དགོས་པའི་ཚོད་དུ་འདུག

      ད་རེས་ངེད"ཡིག་གཟུགས་གླེང་མོལ"ཚོགས་པའི་ཚོགས་མི་སྟེ་བོད་མདོ་དབུས་ཁམས་གསུམ་གྱི་ཡིག་མཁན་བརྒྱ་ཕྲག་གཉིས་ལ་ཉེ་བས་ཕན་ཚུན་དགོངས་འཆར་བརྗེ་རེས་དང་། དེང་འཚོ་ཞིང་གཞེས་པའི་མཁས་དབང་རྒན་རབས་པ་རྣམས་ལ་བཀའ་འདྲི་ཞུས་པ་བརྒྱུད་སློབ་དཔོན་ཐོན་མིའི་བཀའ་དྲིན་རྗེས་དྲན་ལས་བརྩམས་ཏེ"བོད་ཀྱི་ཡིག་གཟུགས་དུས་ཆེན"ཞེས་པ་ལྟ་བུ་ཞིག་གཏན་འབེབ་བྱ་འཆར་ལགས་ཤིང་། གང་གཏན་ལ་ཕབ་པ་དེ་ལས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་སྒྱུ་རྩལ་འདི་ཉིད་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ། རྒྱུད་འཛིན་དང་གསར་གཏོད་ཀྱིས་བོད་ཀྱི་ཡིག་གཟུགས་འདི་ཉིད་སྔོན་ཐོན་མི་རིགས་ཀྱི་ཡིག་རྩལ་གྲལ་དུ་འཚུད་པའི་མཚན་རྟགས་ཅི་བས་ཆེ་བར་མཐོང་ཞིང་། དེས་མཚོན་པའི་བོད་ཀྱི་རིག་གཞུང་གི་གྲུབ་ཆ་མང་བོ་ཞིག་ལ་སྲོག་མཐུད་པ་ལྟ་བུའི་རྒྱུད་འཛིན་བྱ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་པས། "བོད་ཀྱི་ཡིག་གཟུགས་དུས་ཆེན་"ཞེས་པ་ཞིག་གཏན་འབེབ་བྱེད་རྒྱུ་ཁ་ཚ་དགོས་གཏུགས་སུ་མཐོང་བས་ད་རེས་ཆེད་དུ་དེའི་སྐོར་བཀའ་འདྲི་ཞུ་བར་བྱ་བ་ནི།
      དང་པོ། རྗེས་དྲན་དུས་ཆེན་གཏན་འབེབ་བྱེད་པ་ལ་ཟླ་ཚེས་ནི་མེད་དུ་མི་རུང་བ་ཡིན་པས་སློབ་དཔོན་ཐོན་མིའི་རྣམ་ཐར་ལས་གཞི་གང་ཞིག"དུས་ཆེན་གྱི་ཟླ་ཚེས"སུ་གཏན་འབེབ་བྱེད་ན་ལོ་རྒྱུས་ཀྱི་དོན་སྙིང་ལྡན་མིན།
      གཉིས་པ། དུས་ཆེན་འདི་བརྒྱུད་ངེད་ཚོགས་པས་གཙོ་བོ་བོད་ཀྱི་ཐུན་མིན་ཡིག་གཟུགས་འདི་ཉིད་རྒྱུད་འཛིན་དང་དར་སྤེལ། འགྲེམ་སྟོན་སོགས་ཡིག་གཟུགས་དང་འབྲེལ་བའི་བྱེད་སྒོའི་ཉི་མར་གཏན་འཁེལ་བྱ་རྒྱུ་ཡིན་པས་འདི་ལ་མཚན་འདོགས"བོད་ཀྱི་ཡིག་གཟུགས་དུས་ཆེན"ནམ"ཐོན་མིའི་མཛུབ་རིས་དུས་ཆེན"ལྟ་བུའམ། དེ་མིན་བོད་ཕྱི་ནང་ཀུན་ལ་ཁྱབ་པའི་ཁུངས་ལྡན་ཁྱབ་ཆེའི་མཚན་འདོགས་གཞན་ཅི་དང་ཅི་ཞིག་བཏགས་ན་འགབ་མིན་གྱི་བཀའ་འདྲི་འདི་བོད་ཀྱི་ཡིག་གཟུགས་པ་སྤྱི་དང་། ལྷག་པར་མཁྱེན་དཔྱོད་ནམ་མཁའི་མཐའ་ལྟར་ཡངས་པའི་གངས་རིའི་ཕྱི་ནང་ཀུན་ན་བཞུགས་པའི་མཁས་དབང་ཡོངས་ལ་ཞུ་བ་ལགས་པས། སོ་སོ་ནས2015ལོའི་སྤྱི་ཟླ8པའི་ཚེས་མགོའི་བར་དུ་བཀའ་ལན་ཁ་གསལ་དོན་འདུས་དང་ལྷན་དུ་སྐུ་པར་རེ་དང་། ཞལ་པར་ཨང་གྲངས། ཡིག་ཟམ་ས་གནས་བཅས་གཤམ་གྱི་ང་ཚོའི་ཡིག་ཟམ་དུ་བསྐུར་ན། བཀའ་ལན་རྣམས"བོད་ཀྱི་ཡིག་གཟུགས་སྒྱུ་རྩལ"འཕྲིན་སྟེགས་སུ་རྒྱ་ཁྱབ་ཏུ་སྤེལ་ཏེ་འདེམ་ཤོག་འཕེན་པའི་ལས་སྒོ་བརྒྱུད་མཐའ་སྡོམ་ཐག་གཅོད་བྱ་རྒྱུ་ཡིན། དེའི་ཕྱིར་མཁས་དབང་རྣམ་པས་དོན་སྙིང་ལྡན་པའི་མཛད་བཟང་འདི་ལ་གཟིགས་སྐྱོང་ཐུགས་ཁུར་ཚད་མེད་གནང་རྒྱུའི་བཀའ་དྲིན་སྙིང་ནས་ཞུའོ།།

ཡིག་ཟམ།   tbcw2015@yahoo.com
             2220689432@qq.com
                                                          ཞེས་ཡིག་གཟུགས་གླེང་མོལ་ཚོགས་པ་ནས།
                                                          བོད་རབ་རྒྱན་ཤིང་ལུག་ལོའི་བོད་ཟླ3ཚེས20བཟང་བོར་ཕུལ།


འབྲེལ་ཡོད་འོས་སྦྱོར།