རྔ་བ་ཁུལ་གྱི་ཐོག་མའི་ཚོད་སྤྱོད་ཀློག་དེབ་བདུན་པར་དུ་བསྐྲུན་པ།
རྔ་བ་ཁུལ་གྱི་ཐོག་མའི་ཚོད་སྤྱོད་ཀློག་དེབ་བདུན་པར་དུ་བསྐྲུན།
ཉེ་ཆར། ལོ་བཅོ་ལྔའི་འོས་འགན་སློབ་གསོ་དང་ལྷག་པར་དུ་སློབ་ན་མ་སོན་པའི་སློབ་གསོ་གོམ་གང་མདུན་སྤོས་སྒོས་སྐུལ་འདེད་གཏོང་བ་དང་། བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་ཀློག་དེབ་དཀོན་པའི་གནད་དོན་ཏན་ཏིག་གིས་ཐག་གཅོད་ཆེད། རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སློབ་གསོ་པུའུ་ཡི《ལོ3ནས6བར་གྱི་བྱིས་པའི་སློབ་སྦྱོང་དང་གོང་འཕེལ་ཕྱོགས་སྟོན》དང《རྔ་བ་ཁུལ་གྱི་རང་སྐྱོང་སྲོལ་ཡིག》《རྔ་བ་ཁུལ་གྱི་སློབ་གསོའི་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སྟེ། རྔ་བ་ཁུལ་གྱི་སྐད་གཉིས་སློབ་གསོའི་གནས་ཚུལ་དངོས་དང་འབྲེལ་ནས། བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་ཀློག་དེབ་རྩོམ་བསྒྱུར་ལས་ཀ་སྤེལ་བར་སྣེ་ཁྲིད་དེ། བོད་རིགས་སློབ་མའི་སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རིག་བཅས་ཕྱོགས་ཡོངས་ནས་གོང་དུ་སྤེལ་བའི་བྱ་སྤྱོད་ལ་དམིགས་ནས་སློབ་གསོ་གཏོང་བ་དང་། རྩོམ་སྒྲིག་དང་ཡིག་བསྒྱུར། ཞིབ་དཔྱད། པར་བསྐྲུན་བཅས་ཀྱི་ལས་ཀའི་བརྒྱུད་རིམ་ལྟར་བོད་ཀྱི་རིག་གནས་སློབ་སྦྱོང་དང་སྤྱི་ཚོགས་འཚོ་བའི་ཀློག་དེབ་དུ་མ་རྩོམ་སྒྲིག་དང་། རྒྱལ་ཁབ་ཕྱི་ནང་དུ་དངོས་སུ་པར་སྐྲུན་བྱས་པའི་བྱིས་པའི་ཀློག་དེབ་དུ་མ་རྩོམ་བསྒྱུར་བྱས་ལ། གཟུགས་བརྙན་དུ་མ་རྩོམ་བསྒྱུར་བཟོ་བསྐྲུན་བྱས་ནས་ཁུལ་ཡོངས་ཀྱི་མི་རིགས་སློབ་གསོའི་བྱ་གཞག་རྒྱུན་མཐུད་དང་། མཐུན་སྦྱོར། བདེ་བླག་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་རྨང་གཞི་བརྟན་པོ་བཏིངས།
རྔ་བ་ཁུལ་སློབ་གསོ་ཅུའུ་དང་ཁུལ་རྩོམ་སྒྱུར་ཅུས་ཁུལ་ཨུའི་འབྲེལ་ཡོད་རྩ་དོན་གཞིར་བཟུང་ནས་དུས་ཐོག་ཏུ་ཀློབ་དེབ་བདུན་ལེགས་འགྲུབ་བྱུང་སྟེ2015ལོའི་ཟླ3པའི་ཚེས11ཉིན་རྔ་བ་ཁུལ་གྱི་བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྐད་གཉིས་ཀྱི་ཚོད་ལྟ་ཀློག་དེབ་སྦྱིན་སྤྲོད་བྱེད་པའི་མཛད་སྒོ་ཧུང་ཡོན་རྫོང་དུ་སྤེལ་ཏེ། བྱིས་པའི་རིག་སྒོ་འབྱེད་པའི་སྐད་གཉིས་ཚོད་ལྟ་ཀློག་དེབ《ང་ལོ3ལ་སོན་ཡོད》དང་། 《ཅིའི་ཕྱིར་འགོག་ཁབ་རྒྱག་དགོས》། 《ང་ཡི་རྨི་ལམ་སྐྱིད་པོ》། 《ང་ནི་ཆུང་གྲས་སློབ་གྲྭའི་སློབ་ཕྲུག་ཡིན》། 《སྤྲོ་སྐྱིད་བྱིས་པའི་གོམས་གཤིས7》། 《ངའི་ལུས་སྟེང་གི་རུས་པ206 》། 《བོད་ཡིག་སློབ་དེབ》སོགས་ཧོང་ཡོན་རྫོང་དང་། རྔ་བ་རྫོང་། འཛམ་ཐང་རྫོང་། མཛོད་དགེ་རྫོང་སོགས་ཀྱི་སྐད་གཉིས་སློབ་གྲྭའི་བྱིས་པ་ཚོར་སྟེར་ཞིང་། རྒྱ་ཆེ་བའི་དགེ་རྒན་དང་སློབ་མ། ཁྱིམ་བདག་དང་སྤྱི་ཚོགས་ལས་རིམ་སོ་སོའི་མི་སྣ་རྣམ་པའི་བསམ་འཆར་བསྡུ་ལེན་བྱས་ཏེ་གོམ་གང་མདུན་སྤོས་ཀྱི་སྒོ་ནས་བྱིས་པའི་ཤེས་རྟོགས་ཀྱི་ཆོས་ཉིད་དང་སེམས་ཁམས་ཆོས་ཉིད་དང་མཐུན་པའི་ཀློག་དེབ་ལེགས་འགྲུབ་འབྱུང་བར་རྨང་གཞི་བརྟན་པོ་བཏིངས།
རྒྱུས་ལོན་པ་ལྟར་ན། ད་ཐེངས་བོད་རྒྱ་སྐད་གཉིས་ཀློག་དེབ6000ལྷག་འདོན་སྤྲོད་བྱས་ནས། བྱིས་སྐྱོང་ཁང173དང་བྱིས་པ7331ལ་སྦྱིན་སྤྲོད་བྱེད་འཆར་ཡོད་པ་མ་ཟད། ཀློག་དེབ་རིགས50ལྷག་སྒྱུར་སྒྲིག་བྱེད་གྲབས་ཡོད།