བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་བསླབ་དེབ་ཕྲེང་བསྟར་མའི་དཔེ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་བསྡུས།

བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་བསླབ་དེབ་ཕྲེང་བསྟར་མའི་དཔེ་སྐྲུན་གྱི་བཞུགས་
མོལ་ཚོགས་འདུ་བསྡུས།(པར་རིས་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ)
ཟླ3པའི་ཚེས15ཉིན། ཀན་སུའུ་སྲིད་ཁྲིམས་སྡེ་ཁག་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་བསླབ་དེབ་ཕྲེང་བསྟར་མའི་བཞུགས་མོལ་ཚོགས་འདུ་དེ་པེ་ཅིང་མི་རིགས་རིག་གནས་ཁང་དུ་བསྡུས་ཤིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཀྲིག་ཆཱང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་ཝང་ཀྲིན་ཝེ་ཚོགས་ཐོག་ཏུ་ཞུགས།
ཚོགས་ཐོག་ཏུ། གྲོས་ཚོགས་སུ་ཞུགས་པའི་འགོ་ཁྲིད་ཀྱིས་བོད་ལྗོངས་དང་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ཞིང་ལྗོངས་ཀྱི་ཁྲིམས་ཁང་གི་ཚབ་བྱེད་པ་དང་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་གི་ཚབ་བྱེད་པར་བསླབ་དེབ་ལེགས་གཅེས་སུ་ཕུལ།

བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་བསླབ་དེབ་ཕྲེང་བསྟར་མ།(པར་རིས་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ)
ཀྲིག་ཆཱང་གིས་བསྟན་དོན། བསླབ་དེབ་འདིས་མིག་སྔར་བོད་སྐད་ཡིག་བཀོལ་སྤྱོད་ས་ཁུལ་གྱི་སྲིད་ཁྲིམས་ལས་མིར་ད་དུང་སྐད་གཉིས་ཟབ་སྦྱོང་བསླབ་དེབ་མེད་པའི་སྟོང་ཆ་བསྐངས་པ་དང་། མི་རིགས་ཁྲིམས་དཔོན་ཟབ་སྦྱོང་ལ་ཤུགས་སྣོན་དང་བོད་ཁུལ་ཁྲིམས་ཁང་གི་སྲིད་འཛིན་ཆུ་ཚད་མཐོར་འདེགས། བོད་ཁུལ་མང་ཚོགས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་བརྟེན་ནས་གཏུག་བཤེར་བྱེད་པའི་དབང་ཆ་ལ་འགན་སྲུང་བྱེད་པ་སོགས་ཀྱི་ཐད་ནས་ངེས་པར་དུ་གལ་ཆེ་བའི་ནུས་པ་འདོན་ངེས་རེད།
བསླབ་དེབ་ལ《རྩ་ཁྲིམས་ཀྱི་བསླབ་ཚན》དང་། 《ཉེས་ཁྲིམས་ཀྱི་བསླབ་ཚན》། 《དམངས་ཁྲིམས་ཀྱི་བསླབ་ཚན》སོགས་ཁག10འདུས་པ་དང་། ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ནུབ་བྱང་མི་རིགས་སློབ་ཆེན་དང་ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་སོགས་ཞིང་ཆེན་ནང་ཁུལ་གྱི་སློབ་གླིང་གི་ནུས་ཤུགས་ལ་བརྟེན་ནས། ཁྲིམས་ལུགས་ཀྱི་བྱང་ཚད་ཅུང་མཐོ་བ་དང་། བོད་རྒྱ་སྐད་གཉིས་ལ་བྱང་བའི་ཆེད་མཁས་པ་དང་ཤེས་ཡོན་པ་སྐོར་ཞིག་རྩ་འཛུགས་བྱས་ཏེ་དུས་ཡུན་ལོ་གཅིག་ལྷག་གི་རིང་སྒྲིག་རྩོམ་ལེགས་འགྲུབ་བྱུང་ལ། མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་པ་རེད།
