logo

ཞི་བདེ་ཉི་མའི་སྙན་རྩོམ་རིང་མོ《གངས་ལྗོངས་སྨོན་ལམ་ཆེན་མོ》ལ་ཁྱད་འཕགས་བྱ་དགའ་ཐོབ།

རྩོམ་པ་པོ།:ཚེ་དབང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-18 ཀློག་གྲངས།:

     ཉེ་ལམ། 2014ལོའི་ཀྲུང་གོའི་དྲ་ཐོག་རྩོམ་རིག་ལེགས་བཏུས་རྩོམ་སྒྲིག་དཔྱད་འདེམས་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོའི་དྲ་རྩོམ་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་སྙན་ངག་སློབ་ཚོགས་སོགས་ནས་སྙན་རྩོམ་གང་མང་ལས་དཔྱད་གདམས་བྱས་པ་བརྒྱུད་དེ།  བོད་ཀྱི་སྙན་ངག་པ་ཞི་བདེ་ཉི་མས་རྒྱ་ཡིག་གི་ལམ་ནས་གསར་རྩོམ་མཛད་པའི《གངས་ལྗོངས་སྨོན་ལམ་ཆེན་མོ》ཞེས་པར་ཁྱད་འཕགས་བྱ་དགའ་ཐོབ་དང་། སྙན་རྩོམ་འདི《2014ལོའི་ཀྲུང་གོའི་དྲ་ཚིགས་རྩོམ་རིག་ཉིང་བཏུས》ཟེར་བའི་དཔེ་དེབ་ཀྱི་སྟོད་ཆའི་ནང་བདམས་ཏེ་པེ་ཅིན་ཡན་ཧྲན་པར་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།
     སྙན་རྩོམ་རིང་མོ་འདིར་ལེའུ་བརྒྱད་དུ་ཕྱེ་ཡོད་ལ། དེ་དག་ནི་ཐོག་མའི་གསོལ་འདེབས་དང་། ལམ་གྱི་སྟ་གོན། འོད་ཀྱི་ནམ་མཁའ། ཞོགས་པའི་སྐྱབས་འགྲོ། སྨོན་ལམ་ཆེན་མོ། བྱམས་པ་གླིང་སྐོར།  སྨོན་ལམ་གཏོར་རྒྱག མཇུག་བསྡུ་བའི་སྙན་ངག་སོགས་ཡིན། རེབ་འདིའི་དཔྱད་འདེམས་པས་སྙན་རྩོམ་རིང་མོ་འདིའི་སྐད་ཆའི་སྣང་བརྙན་གསོན་ཉམས་དོད་ལ། ཚིག་གི་སྦྱོར་སྟངས་མཉམ་མཚར་བ། རྩོམ་གྱི་རང་བཤིས་བབ་ཆགས་དོད་པ། བརྗོད་བྱ་གཏིང་ཟབ་ཅིང་ཕུགས་རིང་བ་སོགས་ཀྱི་ངོས་ཐད་ནས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གནས་སྟངས་འོག་གི་ཆེས་བླ་ན་མེད་པའི་མི་གཞིའི་སྙིང་སྟོབས་མཚོན་པའི་བརྩམས་ཆོས་ཤིག་རེད་ཅེས་གདེངས་འཇོག་གནང་ནས་གཟེངས་རྟགས་ཐོབ་པ་རེད།
     ཞི་བདེ་ཉི་མས་བོད་ཡིག་གི་ལམ་ནས་བརྩམས་གནང་མཛད་པའི་སྙན་རྩོམ་རིང་མོ《གངས་ལྗོངས་སྨོན་ལམ་ཆེན་མོ》ཞེས་པ་དེ་བོད་ཀྱི་སྙན་ངག་དུས་དེབ《གངས་རྒྱན་མེ་ཏོག》2014ལོའི་དེབ་གཉིས་པོའི་སྟེང་ཆ་ཚང་དུ་བཀོད་ཡོད་པ་དང་། དེབ་གསུམ་པའི་སྟེང་བོད་ཀྱི་རྒན་དར་གཞོན་གསུམ་གྱི་སྙན་ངག་པ་སྐོར་ཞིག་ནས་སྙན་ངག་འདིའི་སྒྱུ་རྩལ་དང་ཐབས་ལམ། བརྗོད་གཞི། ཡིད་བརྙན་གྱི་སྦྱོར་སྡེབ་སོགས་ལ་དཔྱད་རྩོམ་བྲིས་ཏེ་ལེགས་ཉེས་ལ་ཕྱོགས་ངེས་ཅན་དང་ཟུར་ངེས་ཅན་ནས་གདེངས་འཇོག་ཚད་མཐོན་པོ་གནང་ཡོད་པ་དང་། མཚོ་སྔོན་རྒྱང་སྒྲོག་ལས་ཁུངས་དང་རིག་རྩལ་ཚགས་པར། ཀྲུང་གོའི་སྙན་ངག་དུས་དེབ་སོགས་ནས་ཀྱང་སྙན་རྩོམ་འདིའི་ཐད་ཆེད་དུ་བཅར་འདྲི་བྱས་ཡོད་པ་རེད།

ཞི་བདེ་ཉི་མའི་སྙན་རྩོམ་རིང་མོར་ཁྱད་འཕགས་བྱ་དགའ་ཐོབ།
ཞི་བདེ་ཉི་མ།

     ཞི་བདེ་ཉི་མ་ནི་བོད་ཀྱི་དེང་རབས་དུང་བརྗོད་སྙན་ངག་པ་གྲགས་ཅན་ཞིག་ཡིན་ལ། ཁོས་སྙན་ངག་ཐད་གཟེངས་རྟགས་མང་པོ་བླངས་མྱོང་ཞིང་། དེ་དག་ནི་སྙན་རྩོམ་མི་ཡུལ་གྱི་བརྩེ་ཞེན་ཟེར་བར་སྐབས་དང་པོའི་རླུང་རྟ་རྟགས་མའི་བོད་ཀྱི་རྩོམ་རིག་གི་གསེར་གྱི་རྟགས་མ་ཐོབ་པ་དང་།  སྙན་རྩོམ་སྐྱོ་གླུ་ལ་ཆི་ཀྲིན་རྟགས་མའི་བྱ་དགའ་ཨང་དང་པོ་ཐོབ། རྒོད་པོ་བར་སྣང་དུ་འཁོར་བྱུང་་ཟེར་བའི་རྒྱ་ཡིག་གི་སྙན་རྩོམ་ལ་མཐོ་སྒང་རྟགས་མའི་བྱ་དགའ་ཨང་གཉིས་པ་ཐོབ།  རྒྱ་ཡིག་གི་སྙན་རྩོམ་རིང་མོ་གངས་ལྗོངས་སྨོན་ལམ་ཆེན་མོ་ལ་ཁྱད་འཕགས་བྱ་དགའ་ཐོབ་ཡོད་པ་རེད།
     སྙན་ངག་པ་ཞི་བདེ་ཉི་མས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས། ང་ནི་ཕུལ་བྱུང་སྙན་ངག་པ་ཞིག་མིན་མོད། འོན་ཀྱང་རང་ཉིད་ལ་དབང་བའི་ཡིད་བརྙན་གྱི་ཚིག་ཚོགས་ཤིག་དང་། རང་ཉིད་ལ་གྲུབ་པའི་འཇིག་རྟེན་ལྟ་ཚུལ་མཚོན་པའི་སྙན་ངག་གི་རྩོམ་སྟངས་ཤིག  དེ་དག་ལས་བྱུང་བའི་བརྩེ་བ་དང་དུང་བ་རྣལ་མ་ཞིག་ཡོད་པ་ནི་ང་དང་ངའི་སྙན་ངག་གྲུབ་བྱེད་ཀྱི་རྒྱུ་ཡིན་ནོ་ཟེར་ནས་བརྗོད་ཡོད་པ་རེད།

ཚེ་དབང་ནས《རིག་རྩལ་ཚགས་པར》ལས་བཤུས་ཏེ་བསྒྱུར་སྒྲིག་བྱས་ནས་བཀོད།


འབྲེལ་ཡོད་འོས་སྦྱོར།