logo

རྨ་ཆུའི་ལི་སིལ་གྲོང་ཚོའི་བུམ་བཟང་རྟགས་མའི་ལྒང་ལི་འགྲན་སྡུར་སྐབས་དང་པོ་ཁྲི་ཀ་རྫོང་དུ་བསྡུས།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-11-20 ཀློག་གྲངས།:


རྨ་ཆུའི་ལི་སིལ་གྲོང་ཚོའི་བུམ་བཟང་རྟགས་མའི་ལྒང་ལི་འགྲན་སྡུར་སྐབས་དང་པོ་ཁྲི་ཀ་རྫོང་དུ་བསྡུས།

  ཚེ་སྲོག་གི་རྒྱུན་སྲིང་མིན་ནི་འགུལ་སྐྱོད་ལ་རག་ལས་ཤིང་། ལྒང་ལི་འགྲན་སྡུར་གྱི་རྣམ་པའང་འགུལ་སྐྱོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་ཟིན་ཡོད།
  ཟླ11པའི་ཚེས17ཉིན་དུ་ཁྲི་ཀ་རྫོང་རྨ་ཆུའི་ལི་སིལ་གྲོང་ཚོ་ཁེ་ལས་ཀུང་སིས་མ་དངུལ་འབོར་ཆེན་བཏང་སྟེ། ཁྲི་ཀ་རྫོང་གི་སློབ་གསོའི་སྡེ་ཁག་གི་སློབ་གྲྭ་དྲུག་ལྷག་རྩ་འཛུགས་བྱས་ཏེ། རྨ་ཆུའི་ལི་སིལ་གྲོང་ཚོའི་བུམ་བཟང་རྟགས་མའི་ལྒང་ལི་འགྲན་སྡུར་སྐབས་དང་པོ་མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པའི་ལྒང་རྩེད་ར་བ་ནས་སྤེལ།


ལྒང་ལི་འགྲན་སྡུར་སྤེལ་བཞིན་པའི་ཡུལ་དངོས།

  དུས་ཡུན་ཉིན་གསུམ་གྱི་རིང་། ཕོའི་རུ་ཁག་དྲུག་དང་མོའི་རུ་ཁག་བཞི་སྟེ་ཁྱོན་སྡོམ་རུ་ཁག་བཅུས་རང་རང་གི་ཆེས་བཟང་བའི་སྟོབས་རྩལ་བཀོལ་ནས་མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པའི་མཆོད་ཚིག་འོག་ཏུ། སྣེ་ཁྲིད་པ་དང་མཛུབ་སྟོན་དགེ་རྒན་གྱི་ཐུན་མིན་ཐབས་ཇུས་འོག རུ་ཁག་སོ་སོའི་མདོག་མཛེས་མིག་འཕྲོག་གི་གཅིག་གྱུར་ལྒང་རྩེད་ལྭ་བ་རང་ལུས་སུ་མཛེས་པར་སྤུད་དེ། མཉམ་འབྲེལ་གྱི་ནུས་རྩལ་སྣ་ཚོགས་བཀོལ་ཞིང་། མི་སྒེར་གྱི་འཇོན་ཐང་ཡན་གར་བའི་ཁྲོད་དུ་གཅིག་ལས་གཅིག་བཟང་གི་ལྟད་མོ་གྱ་ནོམ་པ་བསྟན་རྗེས་མཐོ་དམའི་རྒྱལ་ཕམ་ཐག་བཅད་ཅིང་། འགྲན་སྡུར་རེ་རེའི་བར་གསེང་དུ་རྩེད་མོ་རེ་འགའ་ཡང་བར་རྒྱན་གྱི་ཚུལ་དུ་ལྟད་མོ་བའི་མིག་གི་དགའ་ཚལ་དུ་དྲངས།


འགྲན་སྡུར་ཁྲོད་གཟེངས་སུ་ཐོན་པའི་མི་སྒེར་དང་ཚོགས་པར་བྱ་དགའ་གནང་བ།

  ཉིན་རེ་རེའི་སྔ་དྲོ་དང་ཕྱི་དྲོའི་ཉིན་གསུམ་གྱི་ཛ་དྲག་འགྲན་སྡུར་བརྒྱུད། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་བྱ་དགའ་ཨང་དང་པོ་བླངས་པ་དང་། མཚོ་ལྷོ་ཁུལ་ཁྲི་ཀའི་སློབ་འབྲིང་གིས་བྱ་དགའ་ཨང་གཉིས་པ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མིརིགས་བཅའ་སྡོད་སློབ་གྲྭས་ཨང་གསུམ་པ་བཅས་བླངས་པར་རྩ་འཛུགས་སྡེ་ཁག་གིས་བུམ་གཟུགས་བྱ་དགའ་དང་ད་དུང་ལྒང་ལི་འགྲན་སྡུར་གྱི་རྣམ་གྲངས་དྲུག་ལྷག་ལ་མི་སྒེར་གྱི་བྱ་དགའི་མཚན་སྙན་དཔང་ཡིག་གནང་པ་ན། ལྟད་མོ་བའི་སྤྲོ་འཛུམ་གྱི་དགའ་བསུའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཐེངས་དང་པོའི་རྨ་ཆུའི་ལི་སིལ་གྲོང་ཚོའི་བུམ་བཟང་རྟགས་མའི་ལྒང་ལི་འགྲན་སྡུར་རྒྱལ་ཁའི་ངང་མཇུག་བསྡུས། ཐེངས་འདིའི་འགྲན་སྡུར་གྱིས་ཁྲི་ཀ་རྫོང་སློབ་གསོ་སྡེ་ཁག་གི་དགེ་རྒན་ཚོའི་ལྒང་ལིའི་བྱང་ཚད་འཇལ་བར་མ་ཟད། ཕན་ཚུན་བསམ་བློ་བརྗེ་རེས་དང་སློབ་སྦྱོང་གི་གོ་སྐབས་ལེགས་པོ་ཞིག་བསྐྲུན་ལ། ཤན་འབྱེད་པ་ཚོས་ཀྱང་ཤན་འབྱེད་ཉམས་མྱོང་ཐད་ཀྱི་ཤེས་བྱ་མི་ཉུང་བ་ཞིག་རང་རྒྱུད་ལ་བླངས་ཡོད་པ་གདོན་མི་ཟའོ།།


འབྲེལ་ཡོད་འོས་སྦྱོར།