བོད་ཀྱི་རྨང་གཞི་སློབ་གསོའི་འགན་འཁྲིའི་སྐོར་གྱི་འཆད་ཁྲིད་གནང་།
སློབ་གསོ་ལེགས་ལམ་དུ་བགྲོད་པར་རྨང་གཞི་སློབ་གསོ་མེད་དུ་མི་རུང་ལ། རྨང་གཞི་སློབ་གསོའང་མདོར་དེད་ན་སློབ་གྲྭའི་སློབ་གསོར་རག་ལས། དེར་བརྟེན། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བར་དམིགས་ཏེ། དེང་རབས་བོད་ཀྱི་སློབ་གསོ་བ་དོ་རྒྱ་བསོད་ནམས་ཚེ་རིང་དང་འགྱུར་རྩོམ་ཞིབ་འཇུག་ལ་བྱས་རྗེས་ཇི་སྙེད་བཞག་པའི་རྨ་ལྷོ་ཁུལ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་བཀྲ་ཤིས་ཚེ་རིང་། དེང་རབས་མི་རབས་གསུམ་པའི་སྙན་ངག་པ་གུ་རུ་དོན་གྲུབ་བཅས་གདན་འདྲེན་བྱས་ཏེ་ཟླ་འདིའི་ཚེས13ཉིན་གྱི་སྔ་དྲོ་དང་ཕྱི་དྲོ་རེས་མོས་སྒོས་འཆད་ཁྲིད་གནང་།
ཟླ་འདིའི་ཚེས13ཉིན་གྱི་སྔ་དྲོར། སློབ་གྲྭའི་གསབ་སྦྱོང་ཁང་དུ་ཐོག་མར་དགེ་རྒན་གུ་རུ་དོན་གྲུབ་ཀྱིས་རྩོམ་རིག་གི་གོ་དོན་དང་དབྱེ་བ། རང་རྒྱལ་གྱི་རྩོམ་རིག་གི་གནས་བབ་དང་ནུབ་ཕྱོགས་རྩོམ་རིག་གི་གནས་བབ་སྐོར་ལ་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག་བཅས་རིགས་གསུམ་ལ་དཀྱུས་གཅིག་ཏུ་གཞོལ་ནས་དཔེ་མཚོན་རང་བཞིན་དང་བཅས་འཆད་ཁྲིད་གནང་ཞིང་། རྗེས་ཏག་ཏག་དུ་དགེ་རྒན་ཚེ་རིང་བཀྲ་ཤིས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་བསླབ་དེབ་ཁག་ལས་འགྱུར་རྩོམ་ཇི་ལྟར་ཁྲིད་པའི་སྐོར་ལ་སྐད་ཡིག་གི་ཤེས་བྱ་དང་སྐད་ཡིག་གི་ནུས་པ། སྐད་ཡིག་གི་མི་ཆོས་སྙིང་སྟོབས་བཅས་རིགས་གསུམ་ནས་འཆད་ཅིང་། སྐད་ཡིག་ཤེས་བྱ་ལ་ཡང་བརྡ་སྤྲོད་ཀྱི་ཤེས་བྱ། ཚིག་རྒྱན་གྱི་ཤེས་བྱ། རྩོམ་འབྲིའི་ཤེས་བྱ། ལེགས་རྩོམ་རོལ་མྱོང་། རིག་གནས་ལོ་རྒྱུས་ཤེས་བྱ། མིང་གྲགས་ཅན་གྱི་གསུང་ཚིག་བཅས་གནད་དུ་བཟུང་ནས་ཁྲིད་སྟོན་བགྱི་དགོས་པའི་ཉམས་མྱོང་ཕུན་ཚོགས་ཅན་གསུངས་ཤིང་། སྐད་ཡིག་གི་ནུས་པར་ཡང་འབྲི་བ་དང་ཀློག་པ། ཉན་པ། བཤད་པ་བཅས་ཀྱི་ནུས་པ་མངོན་གསལ་ཐོན་དགོས་པའི་གལ་ཆེན་རང་བཞིན་གསུང་པའི་མི་ཚད། སྐད་ཡིག་སློབ་ཁྲིད་ཁྲོད་དུ་མི་ཆོས་སྙིང་སྟོབས་སྐོར་ལ་ཡང་སློབ་སྦྱོང་ཡང་ཡང་བྱ་དགོས་པའི་རེ་བ་བཏོན། ཉིན་དེའི་ཕྱི་དྲོར་སློབ་གསོ་བ་དོ་རྒྱ་བསོད་ནམས་ཚེ་རིང་གིས་སློབ་གསོ་ལ་དགོན་སྡེའི་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གཉིས་འདུ་ཞིང་། ལྷག་པར་དགེ་སློབ་རྣམས་གཞི་རུ་བཟུང་སྟེ་སློབ་གྲྭའི་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ལ་དྲིན་ལན་ལྔ་དང་དམ་པ་གསུམ། ཕར་ཕྱིན་དྲུག་གི་ཁྲིད་ཐབས་སྤྱད་ན་དགེ་མཚན་གང་དག་ཡོད་པ་ཕྱོགས་འགའི་སྒོ་ནས་ད་ལྟའི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་སློབ་གྲྭའི་སྣང་ཚུལ་གཉིས་ལ་ཉེ་བར་བརྒྱུས་ནས་དཔེ་མཚོན་བཙལ་ཏེ་གསུང་བཤད་རྨ་མེད་པ་གནང་བའི་ཁར། ཡང་དང་བསྐྱར་དུ་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་དབང་རིམ་བྱོན་གྱི་གསུང་རྩོམ་ལ་ང་ཚོ་མི་སུ་དང་གང་གིས་ལྟ་ཀློག་ནན་མོ་བྱ་དགོས་པའི་གལ་ཆེན་རང་བཞིན་གནང་སྟེ་མཇུག་མཐར་འཆད་ཁྲིད་ལ་ཉན་པའི་དགེ་རྒན་ཡོངས་ཀྱི་དགའ་བསུའི་ཐལ་མོའི་རྡེབ་སྒྲའི་ཁྲོད་རེབ་འདིའི་འཆད་ཁྲིད་བདེ་ལེགས་ངང་མཇུག་རྫོགས།