དོན་གྲུབ་དབང་འབུམ་ལགས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་གནང་བ།

དོན་གྲུབ་དབང་འབུམ་ལགས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་གནང་བ།
བོད་ཀྱི་སྐད་ཡིག་རྩོམ་རིག་དང་རིག་གནས། ལོ་རྒྱུས་སོགས་ཞིབ་འཇུག་བྱ་ཡུལ་གྱི་རིག་གཞུང་སྤེལ་རེས་ལ་ཡར་སྐུལ་དང་། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྤེལ་རེས་དང་དཔུང་སྡེ་འཇོན་པོ་ཞིག་གསོ་སྐྱོང་གནང་ཆེད། སྤྱི་ཟླ11པའི་ཚེས10ཉིན། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ2014ལོའི་བོད་རིག་པ་ཆེད་མཁས་པའི་གླེང་སྟེགས་ཐེངས་ལྔ་པ་བསྡུས་ཤིང་། བོད་རིགས་རྩོམ་པ་པོ་མིང་གྲགས་ཅན། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་གླིང་གི་སློབ་དཔོན་ཆེ་མོ། འབུམ་རམས་པའི་མཛུབ་སྟོན་པ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ལས་དཔོན་གཞོན་པ། མཚོ་སྔོན་ཞིང་ཆེན་ཁུ་ནུ་ཆེད་མཁས་པ་དོན་གྲུབ་དབང་འབུམ་ལགས་གདན་ཞུས་གནང་སྟེ་བོད་ཀྱི་རིག་གནས་དང་བོད་རིག་པ་ཞིབ་འཇུག་གི་གནས་བབ་ཞེས་པའི་རིག་གཞུང་འཆད་ཁྲིད་གནང་། འཆད་ཁྲིད་ལ་དགེ་སློབ200ལྷག་ཞུགས་ཤིང་། མི་རིགས་དགེ་ཐོན་སློབ་གླིང་གི་གླིང་གཙོ་གཞོན་པ་ལྕགས་ཐར་རྒྱལ་ནས་མདོ་འཛིན་གནང་།
དོན་འགྲུབ་དབང་འབུམ་ལགས་ནས་ཁོང་གིས་བརྩམས་པའི《བོད་ཀྱི་རིག་གནས་འཕེལ་རིམ་གྱི་ལོ་རྒྱུས》གཞིར་བྱས་ཏེ། བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་གཞུང་ལུགས་སྒྲོམ་གཞི་དེ་བོད་ཀྱི་རིག་གནས་འཕེལ་རིམ་གྱི་དུས་སྐབས་བཞི་བརྗོད་སྙིང་བྱས་ཏེ། བསྐལ་བ་ཡ་ཐོག་གི་རིག་གནས་དུས་སྐབས་ཀྱི་བོད་མི་རིགས་ཀྱི་བྱུང་ཁུངས་དང་། ཆོས་ལུགས་དད་མོས་དང་དམངས་སྲོལ་རིག་གནས་གྲོས་དོན་ལ་དཔྱད་བསྡུར། རང་གི་ལག་ལེན་དངོས་དང་འབྲེལ་ཡོད་ཀྱི་དམངས་ཁྲོད་ངག་རྒྱུན་ཟུང་འབྲེལ་གྱིས་བོད་ཀྱི་ཟབ་ཅིང་རྒྱ་ཆེ་བའི་རིག་གནས་ཀྱི་མ་ལག་རྒྱས་བཤད་དང་བོད་ཀྱི་རིག་གནས་ཀྱི་རིམ་འགྱུར་གྱི་ལོ་རྒྱུས་རགས་བྲིས་གནང་དགོས་ཚུལ་དང་། སྒོས་སུ་བོད་ཀྱི་རིག་གནས་འཕེལ་འགྱུར་ཁྲོད། བློ་བདེ་བག་ཕེབས་དང་ཁ་ཁུ་སིམ་པོར་མི་གནས་པར་ངེས་པར་ཏུ་གསར་འགྱུར་ཁྲོད་དར་རྒྱས་དང་། སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་ཁ་དང་འཚམ་ཞིང་དེང་རབས་ཅན་ལ་ཁ་ཕྱོགས་པའི་རིག་གནས་གསར་བ་སྤེལ་དགོས་པ་མ་ཟད། བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་དར་སྤེལ་དང་སྙིགས་དོར་བཅུད་ལེན་བྱས་ཏེ་བོད་ཀྱི་རིག་གནས་གསར་བའི་འོས་འགན་དང་མདུན་ལྗོངས། འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཐུགས་གཞིགས་དང་རྒྱང་ལྟ་གང་ལེགས་གནང་དགོས་པ་བརྗོད་འདུག

དོན་གྲུབ་དབང་འབུམ་ལགས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་གནང་བ།
རིག་གནས་ཀྱི་རིན་ཐང་ཐད། དོན་གྲུབ་དབང་འབུམ་ལགས་ནས་རིག་གནས་ཀྱི་རིན་ཐང་ནི་ཆེད་ལས་ཤེས་ཡོན་པས་ད་གཟོད་རྟོགས་ཐུབ་པས། ང་ཚོས་རིག་གནས་སྣ་མང་ཟུང་འབྲེལ་དང་གནའ་དེང་རིག་གནས་ལ་བྱང་ཆ་ལྡན་པ། རིག་གནས་ཀྱི་ཚུལ་ལ་ཞིབ་འཇུག་བྱ་སྐབས། རིག་གནས་ཀྱི་འགལ་འབྲེལ་ལ་དོ་སྣང་བྱས་ཏེ་དེ་བོད་ཀྱི་རིག་གནས་ཞིབ་འཇུག་གི་ཁྱབ་ཁོངས་སུ་སྤྱད་ནས་ཡུལ་མཐའ་ཞིབ་འཇུག་གི་རིག་གཞུང་རིན་ཐང་དང་། མེ་དད་ཆོས་ལུགས(གནའ་བོའི་སྟག་གཟིག་གི་ཆོས་ལུགས་ཤིག)ཀྱི་རྒྱུ་གཉིས་སྨྲ་བས་བོན་ཆོས་རིག་གནས་ལ་ཤུགས་རྐྱེན་ཐེབས་ཚུལ། བོད་ཀྱི་རིག་གནས་མུ་མཐུད་ནས་གསར་བསྒྱུར་དང་མུ་རུ་འཕེལ་བའི་གནད་དོན་སོགས་གཏིང་ཟབ་ཀྱིས་སྔོག་འདོན་བྱེད་དགོས་ཚུལ་ཞིབ་བརྗོད་གནང་འདུག
མཐར་ཁོང་ནས་དགེ་སློབ་རྣམས་ཀྱིས་བཏོན་པའི་དྲི་བར་ལན་ལྡོན་ཏེ་ཕན་ཚུན་བསམ་བློ་བརྗེ་རེས་གནང་བས། དགའ་བསུ་དང་དཔྱད་འཇོག་ཡག་པོ་གནང་བྱུང་།
