བོད་རིག་པའི་ཆེད་མཁས་ཁྲིན་ཆིན་དབྱིན་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་དཔེ་ཁྲིད་གནང་བ།

བོད་རིག་པའི་ཆེད་མཁས་ཁྲིན་ཆིན་དབྱིན་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་དཔེ་ཁྲིད་གནང་བཞིན་པ།
ཟླ10པའི་ཚེས31ཉིན། མཚོ་སྔོན་དགེ་ཐོན་སློབ་ཆེན་པཎ་ཆེན་ཞིབ་འཇུག་གླིང་གིས་བོད་རིག་པའི་ཆེད་མཁས་གྲགས་ཅན་ཁྲིན་ཆེན་དབྱིན་ལགས་གདན་དྲངས་ནས་བོད་ཡིག་གི་ཚད་ལྡན་ཡིག་ཆ་དང་བོད་ཀྱི་རིག་གནས་ཞེས་པའི་རིག་གཞུང་དཔེ་ཁྲིད་གནང་བ་རེད།
དགེ་རྒན་ཆེན་མོ་ཁྲིན་ཆིན་དབྱིན་ལགས་ཀྱིས་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་མཁས་པས་བོད་ཀྱི་ཚད་ལྡན་ཡིག་ཆར་ཞིབ་འཇུག་གནང་ཚུལ་བརྗོད་པའི་ཁར། ཁོང་རང་ཉིད་ཀྱི་བོད་རིག་པའི་ཞིབ་འཇུག་གི་ལམ་བུ་དང་ཟུང་དུ་སྦྲེལ་ནས་བོད་རིག་པའི་ཚད་ལྡན་ཡིག་ཆ་དང་བོད་ཀྱི་རིག་གནས་དེ་རྒྱལ་ཁབ་ཕྱི་ནང་དུ་དར་ཚུལ་སོགས་ནས་དཔེ་ཁྲིད་གནང་། དེ་ལས་གཞན་བོད་ཡིག་གི་ཚད་ལྡན་ཡིག་ཆའི་འཕེལ་རིམ་སྐོར་བརྗོད་པ་སྟེ། བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་རྒྱ་ནག་ཏུ་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དུས་བོད་ཡིག་གི་ཚད་ལྡན་ཡིག་ཆར་ཟུར་ལྟ་མི་བྱེད་པ་དང་། བོད་ཀྱི་མཁས་པ་རྣམས་ཀྱིས་རྒྱ་ཡིག་གི་ཚད་ལྡན་ཡིག་ཆར་ཟུར་ལྟ་མི་བྱེད་པས་ཐུན་མོང་མ་ཡིན་པའི་མ་ལག་གཉིས་སུ་གྲུབ་ཡོད་པ་དང་། ཡོན་རྒྱལ་རབས་སྐབས་ནས་ཧོར་གོང་མས་བོད་ཡིག་སྦྱོང་འགོ་བརྩམས་པ། དེ་ནས་ཆིན་རྒྱལ་རབས་ཀྱི་སྐབས་སུ་བོད་རྒྱ་གཉིས་ཀྱི་བོད་རིག་པའི་ཐད་ཀྱི་འབྲེལ་འདྲིས་ཇེ་མང་དུ་སོང་ཞིང་། ཆིན་རྒྱལ་རབས་སྐབས་ཀྱི་བོད་སྡོད་ཨམ་བན་གྱིས་བོད་ཡིག་གི་ཚད་ལྡན་ཡིག་ཆར་ཟུར་ལྟ་བྱས་ནས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པ། དེའི་རྗེས་དུས་རབས18ནས་དུས་རབས19ནང་དུ་བོད་རིག་པའི་ཞིབ་འཇུག་ནུབ་ཕྱོགས་རྒྱལ་ཁབ་ཏུ་དར་བ། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་རྒྱལ་ཁབ་ཀྱིས་བོད་ཀྱི་རིག་གནས་ལ་སློབ་སྦྱོང་དང་བོད་ཡིག་ཚད་ལྡན་ཡིག་ཆའི་ཞིབ་འཇུག་རྒྱ་ཆེན་པོར་སྤེལ་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སོགས་ཞིབ་འཇུག་སྡེ་ཁག་སྐོར་ཅིག་བཙུགས་ནས་བོད་ཀྱི་རིག་གནས་འཛིན་སྤེལ་བྱེད་པའི་ཐད་མཐུན་རྐྱེན་ལེགས་པོ་བསྐྲུན་པ་སོགས་གསུངས་པ་རེད།

དགེ་རྒན་ཆེན་མོ་ཁྲིན་ཆིན་དབྱིན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་རྣམས་མཉམ་དུ་པར་བསྐྱོན་པ།
