《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཟིན་བྲིས་ཕྱག་བསྟར་མ》འགྲེམ་སྤེལ།

《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཟིན་བྲིས་ཕྱག་བསྟར་མ》།
དེ་ཡང2014ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས《 མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཟིན་བྲིས་ཕྱག་བསྟར་མ 》ཞེས་པའི་དཔེ་དེབ་པར་བསྐྲུན་འགྲེམ་སྤེལ་བྱས་ལ། སྤྱི་ལོ2013ལོའི་ཟླ7པའི་ཚེས20ཉིན་གཡུང་དྲུང་རྒྱལ་གྱིས་དགེ་འདུན་ཆོས་འཕེལ་གྱི་འཁྲུངས་གཞིས་ནས་སུག་བྲིས་སུ་བགྱིས་པ་རེད།

སྔོན་འགྲོའི་གཏམ།
དགེ་འདུན་ཆོས་འཕེལ་གྱི་ཟིན་བྲིས་དེ་དག་ནི་ཁོང་གི་སློབ་བུ་ཧོར་ཁང་བསོད་ནམས་དཔལ་འབར་མཆོག་གིས་ཡུན་རིང་ཉར་ཚགས་གནང་བའི་ལྕགས་སྒམ་ནག་པོ་ཞིག་ནང་གི་ཟིན་དེབ་ཁ་ཤས་ཡིན། ང་རང་གིས་ཁོང་ལ་འབྲེལ་གཏུགས་བྱས་པ་ནས་བཟུང་། ལེགས་སྦྱར་བང་མཛོད་དང་། ཀླུ་སྒྲུབ་དགོངས་རྒྱན། འདོད་པའི་བསྟན་བཅོས་སོགས་གནང་ནས་འདི་རྣམས་མ་འོངས་པ་ན་ཁྱེད་ཀྱིས་ཉར་ཚགས་བཟང་པོ་བྱས་ཏེ་ཤེལ་སྒྲོམ་ཞིག་གི་ནང་བཞུགས་སུ་གསོལ་ཏེ་ལྟ་རྒྱུ་ཡོད་པ་ཞིག་སེམས་ལ་བཟུང་ཞེས་སྤྱན་ཆབ་གཡོ་བཞིན་གནང་བྱུང་། སྤྱི་ལོ1994ལོའི་བོད་ཟླ10བའི་ཚེས25ལ་དགའ་ལྡན་ལྔ་མཆོད་ཉིན་ཁོང་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས། ཁོང་གི་བུ་བྱམས་པ་བསྟན་དར་ལགས་ནས་ཕ་དམ་པའི་ཞལ་ཆེམས་སྙིང་དུ་བཅངས་མུར་དགེ་འདུན་ཆོས་འཕེལ་གྱི་ལྕགས་སྒམ་ནག་པོ་དང་གཏམ་རྒྱུད་གསེར་ཐང་གི་མ་ཕྱི། ཟིན་བྲིས་ཁ་ཤས་བཅས་ང་ལ་གནང་བ་འདི་ག་ལགས་པས། ཁྱེད་རང་གིས་དགེ་འདུན་ཆོས་འཕེལ་ལ་ཞིབ་འཇག་བྱེད་མཁན་ཚོར་ཕན་ཐོགས་ཡོད་པར་དགོངས་ནས་ཟིན་དེབ་ཁ་ཤས་འདི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་གྲོགས་པོ་སྙིང་ལྕགས་རྒྱལ་ལ་སྤྲད་དེ་དཔར་སྐྲུན་བྱེད་ཆོག་པར་བྱས་ཡོད།
སྤྱི་ལོ2013ལོའི་ཟླ7པའི་ཚེས20ཉིན་གཡུང་དྲུང་རྒྱལ་གྱིས་དགེ་འདུན་ཆོས་འཕེལ་གྱི་
འཁྲུངས་གཞིས་ནས་སུག་བྲིས་སུ་བགྱིས་པ་དགེའོ།།
