logo

དགེ་རྒན་ཆེན་མོ་དོར་ཞི་མཆོག་གིས་མཚོ་ལྷོ་ཁུལ་དུ་རྒྱ་ཆེའི་དགེ་སློབ་ཀུན་ལ་ཆེད་དོན་སློབ་ཁྲིད་གནང་།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-05 ཀློག་གྲངས།:

དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས་ཡོངས་འཛིན་གྲངས་མཛོད་ལྟེ་གནས་སུ་ཕྱག་བྲིས་གནང་བཞིན་པ།
དགེ་རྒན་ཆེན་མོ་དོར་ཞི་མཆོག་གིས་མཚོ་ལྷོ་ཁུལ་དུ་རྒྱ་ཆེའི་དགེ་སློབ་ཀུན་ལ་ཆེད་དོན་སློབ་ཁྲིད་གནང་།

     ཉེ་ལམ། འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་དོར་ཞི་གདོང་དྲུག་སྙེམས་བློ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་འབྲིང་དང་པོའི་དགེ་སློབ་ཀུན་ལ་སློབ་ཁྲིད་གནང་ཞིང་། ཕྱོགས་ཡོངས་ནས་བོད་ཁུལ་གྱི་སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་གོ་རིམ་དང་གནས་བབ། མ་འོངས་འབད་བརྩོན་བྱ་དགོས་པའི་ཁ་ཕྱོགས་སོགས་མཚམས་སྦྱོར་བྱས་པ་མ་ཟད། རྒྱ་ཆེ་བའི་དགེ་སློབ་ཀུན་ལ་ད་ནས་བཟུང་སློབ་སྒྲུབ་གོ་རིམ་ཁྲོད་བཅོས་སྒྱུར་དང་གཞན་འགྱུར་བྱེད་དགོས་པའི་གལ་གནད་བཏོན།


དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས་ཡོངས་འཛིན་གྲངས་མཛོད་ལྟེ་གནས་སུ་ཕྱག་བྲིས་གནང་བཞིན་པ།

     ཟླ9བའི་ཚེས3ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་དགེ་སློབ་ཡོངས་མཚོ་ལྷོ་ཁུལ་གྲོས་ཚོགས་ལྟེ་གནས་སུ་འཛོམས་ཏེ་དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱི་འབྲེལ་ཡོད་བོད་ཁུལ་གྱི་སློབ་གསོའི་ཆེད་དོན་སློབ་ཁྲིད་ལ་གསན་ཞིང་། ཐེངས་འདིའི་སློབ་ཁྲིད་ཀྱི་ནང་དོན་ཁག་བཞི་རུ་དབྱེ་ཡོད་དེ། དང་པོ་ནི་བོད་མི་རིགས་ཀྱི་འབྱུང་ཁུངས་ཀྱི་གནད་དོན་མཚམས་སྦྱོར་གནང་ཞིང་། ཁོང་གིས་རིག་གཞུང་ཁྱབ་ཁོངས་སུ་བོད་མི་རིགས་ཀྱི་ཁུངས་རྒྱ་གར་ལ་གཏུགས་པ་ཡིན་ནའང་། མ་གཞི་ནི་མདོ་དབུས་མཐོ་སྒང་གི་སྡོད་མི་ཡིན་པ་སོགས་ཞིབ་ཏུ་བརྗོད། གཉིས་པ་ནི་བོད་ཀྱི་རིག་གནས་སྐོར་མཚམས་སྦྱོར་བ། བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འབར་བའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། འཛམ་གླིང་རིག་གནས་ཀྱི་གྲས་སུ་ཚུད་པའི་མེ་ཏོག་ཆུན་པོ་ཞིག་ཏུ་ངེས་པ་སོགས་བསྟན་ལ། བོད་བརྒྱུད་ནང་བསྟན་དཔལ་ཡོན་ནི་ལུགས་མཐུན་གྱི་ཚད་ངེས་ཅན་ཞིག་ཏུ་ཐོན་ཡོད་ཅིང་། དཔེར་ན་བོད་བརྒྱུད་ནང་བསྟན་གྱི་ནང་དོན་རིག་པ་དང་། སྒྲ་རིག་པ། གསོ་བ་རིག་པ། གནམ་རིག་སྐར་རྩིས། ཚད་མ་རིག་པ། བཟོ་རིག་པ་སོགས་ཚན་རིག་གི་གྲུབ་འབྲས་དང་གཅིག་མཐུན་དུ་གྲུབ་ལ། འཛམ་གླིང་རྒྱལ་ཁབ་སོ་སོའི་ཚན་རིག་ཁྱབ་ཁོངས་སུ་ཁས་ལེན་བྱེད་པ་ཡིན། གསུམ་པ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་སློབ་གསོ་དང་དེའི་ཁྱད་ཆོས་བརྗོད་པ། ཁོང་གིས་ཞིབ་ཕྲའི་ངང་བོད་མི་རིགས་ཀྱི་སྲོལ་རྒྱུན་སློབ་གསོའི་འཕེལ་རྒྱས་གོ་རིམ་བརྗོད། བཞི་བ་ནི་དགེ་རྒན་གྱི་དཔུང་སྡེས་འགན་དུ་བཞེས་པའི་དུས་རབས་ཀྱི་འོས་འགན་ཞིབ་བརྗོད་གནང་། དགེ་རྒན་གྱི་ལས་རིགས་འདི་ལ་ཁས་ལེན་དང་གདེང་འཇོག་ཆེན་པོས་དགེ་རྒན་ནི་རླབས་ཆེ་བའི་ལས་རིགས་ཤིག་ཡིན་པ་དང་། སློབ་མར་ཤེས་བྱ་ཁྲིད་པ་ལས་གཞན་ད་དུང་མི་ག་འདྲ་ཞིག་བྱེད་དགོས་པར་སློབ་གསོ་གཏོང་དགོས་པ་སོགས་དཔེ་དང་སྦྱར་ནས་གསལ་བརྗོད་གནང་།


དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས་ཡོངས་འཛིན་གྲངས་མཛོད་ལྟེ་གནས་སུ་ཕྱག་བྲིས་གནང་བ།

     སློབ་ཁྲིད་མཇུག་སྒྲིལ་རྗེས། དགེ་རྒན་ཆེན་མོ་དོར་ཞི་ལགས་ཡོངས་འཛིན་གྲངས་མཛོད་ལྟེ་གནས་སུ་གཟིགས་ཞིབ་ཏུ་ཕེབས་པ་མ་ཟད། བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ཐད་ཕྱག་བྲིས་གནང་སྟེ།  རིག་པ་ནངས་པར་འཆི་ཡང་བསླབ་དགོས་པའི་སྐུལ་མ་བཏང་།
     ཟླ9བའི་ཚེས4ཉིན་གྱི་སྔ་དྲོ། དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་མ་གསར་བ་རྣམས་ལ་དོན་སྙིང་ལྡན་པའི་སློབ་ཁྲིད་གནང་ཞིང་། དུས་ཡུན་ཆུ་ཚོད་གཉིས་ལྷག་གི་སློབ་ཁྲིད་ཁྲོད་ཁོང་གིས་ཐོག་མར་དགེ་རྒན་ལ་བརྩི་བ་དང་དེ་ནི་སློབ་སྦྱོང་གི་རྩ་བ་ཡིན་པ་དང་། བར་དུ་ཕ་མའི་དྲིན་ལན་བསམ་དགོས་ཤིང་ཕ་མ་ནི་མི་ཚེའི་ཆེས་ཐོག་མའི་དགེ་རྒན་ཡིན་པ། མཐའ་མར་རང་ཉིད་གཅུན་ཏེ་སློབ་སྦྱོང་ལ་འབད་དགོས་ཤིང་། ཉི་ཧོང་དང་ཨ་རི་སོགས་ཀྱི་སློབ་གསོ་ལ་བསྡུར་ཏེ་ཁོ་ཚོའི་ཁྱད་འཕགས་རང་བཞིན་ནི་སློབ་གྲྭའི་སྒྲིག་ལམ་ལེགས་པོར་སྲུང་བ་དང་། དཔེ་ཆ་ཀློག་པར་དོ་སྣང་བྱེད་པའི་དངོས་དཔེ་ལས་འུ་ཅག་གི་མི་འདང་ས་བརྗོད་པ་རེད། དེ་མིན་རྒྱ་ཆེའི་སློབ་མ་རྣམས་ལ་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ཆེན་མོ་དགོས་ཤིང་། ཤེས་བྱ་ལེགས་པོར་སྦྱངས་པའི་རྨང་གཞིའི་སྟེང་མི་གཤིས་ལེགས་པོ་ཞིག་ཆགས་པར་འབད་དགོས་ལ། ནང་སྒོས་སུ་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཁྲོད་ཀློག་འདོན་དང་། བློར་བཟུང་བ། བརྟག་རྩོད་སོགས་བྱེད་པའི་སློབ་སྦྱོང་གི་བྱ་ཐབས་དར་སྤེལ་བྱེད་དགོས་པ་དང་། ཁྱིམ་བདག་རྣམས་ལ་བྱིས་པ་ལང་ཤོར་དུ་གཏོང་མི་ནུས་པ་དང་། བྱིས་པའི་སློབ་སྦྱོང་གི་སྤྲོ་བ་སྐྱེད་སྲིང་དང་དགེ་རྒན་གྱི་བྱ་བར་རྒྱབ་སྐྱོར། མ་ཟད་སློབ་སྦྱོང་དང་འཚོ་བའི་ཁྲོད་བྱིས་པར་གཟབ་ནན་གྱིས་སྐྱོང་དགོས་པ་སོགས་བསྟན་པ་རེད།
     མཇུག་མཐར། ཁོང་གིས་སློབ་མ་རྣམས་ཀྱི་ཕུགས་བསམ་རྒྱ་ཆེ་ཞིང་རྒྱལ་ཁབ་ཀྱི་གདུང་འདེགས་ཀ་བ་རུ་བྱེད་པའི་ཤེས་ལྡན་པ་ཞིག་ཏུ་འགྱུར་རྒྱུ་དང་། རྒྱུགས་ལེན་དང་ལས་ཞུགས་ཀྱི་སྐབས་སུ་གང་ནུས་ཀྱིས་སྒོ་ཆེན་དུ་འཛུལ་ན་ད་གཟོད་རང་ཉིད་མཐོར་འདེགས་དང་སྦྱོང་བརྡར་བྱེད་ཐུབ་ཅིང་། རང་གི་ཕ་ཡུལ་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལའང་བྱས་རྗེས་འཇོག་ཐུབ་པའི་རེ་བ་བཅངས།
     དོར་ཞི་གདོང་དྲུག་སྙེམས་བློའི་མཚན་དངོས་ལ་དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་ཟེར་ཞིང་། 1936ལོར་འཁྲུངས་པ་དང་། མིང་དུ་གྲགས་པའི་བོད་རིག་པའི་ཆེད་མཁས་པ་དང་། དཔའ་རིས་བོད་ཁུལ་གྱི་མཆོད་རྟེན་ཐང་དགོན་པའི་དགོན་བདག་བླ་མ་ཡིན། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། འབུམ་རམས་པའི་ཁྲིད་སྟོན་དགེ་རྒན། བོད་ལྗོངས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མགྲོན་ཞུས་དགེ་རྒན་ཆེན་མོ་སོགས་སྤྱི་ཚོགས་ཀྱི་ལས་འགན་མང་དུ་འཁུར་ཡོད་ལ། བོད་རྒྱ་སྐད་གཉིས་ལ་ནང་བྱན་ཆུད་པ་མ་ཟད། བརྩམས་ཆོས་ཀྱང་མང་དུ་བསྐྲུན་ཡོད་དེ། 《སྙིང་རྗེ་ལས་སྐྱེས་པའི་ཤེས་རབ》གཙོས་པའི་བོད་བརྒྱུད་ནང་བསྟན་ཐད་ཀྱི་བརྩམས་ཆོས་དག་ལ་རྒྱ་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་ཀུན་གྱིས་དགའ་བསུ་ཆེས་ཆེར་བྱེད།


འབྲེལ་ཡོད་འོས་སྦྱོར།