གླིང་ཡུལ་རྨ་སྟོད་རྫོང་གླིང་གེ་སར་དཔལ་ལྡན་བསམ་འཕེལ་གླིང་གི་སྒོ་ཕྱེས་པའི་མཛད་སྒོ་བསྡུས་པ།
གླིང་ཡུལ་རྨ་སྟོད་རྫོང་གླིང་གེ་སར་དཔལ་ལྡན་བསམ་འཕེལ་གླིང་།
གླིང་འབྲེལ་བཞུགས་མོལ་ཚོགས་འདུ་བསྡུས་པ།
ཟླ8པའི་ཚེས22རེས་གཟའ་པ་སངས་ཉིན་གྱི་སྔ་མོར་གླིང་ཡུལ་རྨ་སྟོད་རྫོང་གླིང་གེ་སར་དཔལ་ལྡན་བསམ་འཕེལ་གླིང་གི་མཛད་སྒོ་ཁ་བ་དཀར་པོའི་མེ་ཏོག་ལྷབ་ལྷུབ་འབབ་པ་དང་འགྲོགས་ཏེ། རྨ་སྟོད་རྫོང་འབྲོག་དམངས་རིག་གནས་ཕྱོགས་བསྡུས་ཞབས་ཞུའི་དཀྱིལ་ཐང་ནས་བསྡུས། རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་དབུ་ཁྲིད་སོགས་འབྲེལ་ཡོད་ལས་བྱེད་དང་། ཞིང་ཆེན་ནས་ཕེབས་པའི་འབྲེལ་ཡོད་ལས་བྱེད། མཚོ་ལྷོ། ཡུལ་ཤུལ། སྡེ་དགེ། ཀན་ལྷོ་སོགས་ནས་ཕེབས་པའི་ཞིབ་འཇུག་པ་དང་མགོ་ཁྲིད། མགོ་ལོག་ས་གནས་ཀྱི་ཁུལ་དཔོན་དང་འབྲེལ་ཡོད་ལས་ཁུངས་ཀྱི་དབུ་ཁྲིད། ཞིབ་འཇུག་ཆེད་མཁས་པ་སོགས་སྒོ་ཕྱེས་མཛད་སྒོར་ཞུགས།
དེ་ནས་རྫོང་དངོས་མང་བཤམ་སྟོན་ཁང་ནས་ཐང་བ་བླ་མ་རས་པ་ཚང་གི་གཏེར་བྱོན་རྡོ་སྒྲོམ་སོགས་གཏེར་རྫས་འདྲ་མིན་ལ་མཇལ་ཁ་བླངས་པའི་རྟེན་འབྲེལ་བརྒྱུད། རྫོང་གི་ཉེ་གམ་གླིང་གི་དཔའ་བརྟུལ་རྨ་ཉིན་རྫོང་དཔོན་པོ་ལྷ་ཀླུའི་བཞུགས་གནས་སུ་གསར་དུ་བཞེངས་པའི་གླིང་གེ་སར་དཔལ་ལྡན་བསམ་འཕེལ་གླིང་གི་སྒོ་འབྱེད་མཛད་སྒོ་དངོས་སུ་སྤེལ་བར་མ་ཟད། གླིང་རྗེ་སྐུ་འདྲ་མཐོང་གྲོལ་ཆེན་མོ་སོགས་གནས་ཀྱི་ཕྱི་ནང་གི་གླིང་འབྲེལ་རྟེན་བཞེངས་ལ་མཇལ་སྐོར་མཛད་ཚེ། དེར་ཕེབས་ས་གནས་སོ་སོའི་དབུ་ཁྲིད་དང་། ཆེད་མཁས་པ་ཡོངས་ཀྱིས་མགྲིན་གཅིག་ཏུ་གླིང་གེ་སར་རིག་གནས་ཀྱི་རྒྱབ་ལྗོངས་དང་འབྲེལ་བ་དམ་ཟབ་མངའ་བའི་གསར་བཞེངས་ཀྱི་རྣམ་པ་འདིས་ནི་རྒྱལ་ཡོངས་ལ་སྔོན་མེད་ཀྱི་གཟི་བྱིན་ཞིག་བསྐྲུན་ཡོད་པ་དང་། གླིང་ཡུལ་རྨ་སྟོད་ཅེས་གླེང་བ་ཡང་དོན་དང་ལྡན་པ་ཞིག་བཟོས་འདུག་ཅེས། རྨ་སྟོད་རྫོང་གི་དབུ་ཁྲིད་དང་ལས་འགན་དང་ལེན་པ་རྣམས་ལ་བཀའ་དྲིན་ཞུས་ཤིང་། བསྟོད་བསྔགས་བླ་མེད་མཛད།
གེ་སར་རིག་གནས་ལ་ཞིབ་འཇུག་བྱེདཔའི་ཆེད་མཁས་ནོར་བུ་དབང་ལྡན་གྱིས་གསུངས་བཤད་གནང་བཞིན་པ།
ཚེས༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་བའི་སྟེང་གླིང་འབྲེལ་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། རྫོང་དཔོན་འབྲུག་མོ་སྐྱིད་ཀྱིས་ཚོགས་འདུའི་མདོ་འཛིན་མཛད་པ་དང་། སྐུ་ཞབས་ནོར་བུ་དབང་ལྡན། ལྡོང་ནོར་སྡེ་སོགས་ཚོགས་ཞུགས་མི་སྣ་སོ་སོས་རྒྱ་སྐད་ཀྱི་ལམ་ནས་གཏམ་བཤད་རིང་ཐུང་སྣ་ཚོགས་དང་། ཡུལ་ཤུལ་ཁུལ་རིག་གནས་ཉམས་འབྲེལ་ཁང་གི་སྐུ་ཞབས་ཕུན་ཚོགས་ཟླ་བ་ལགས་དང་། མདོ་ལྷོ་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ལྷ་རྒྱལ་ཚེ་རིང་སོགས་འགའ་ཞིག་གིས་བོད་སྐད་ཀྱིས་གླིང་གེ་སར་རིག་ཚན་སྤྱི་བཤད་དང་། ལྷག་པར་རྨ་སྟོད་རྫོང་གིས་གླིང་གེ་སར་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་མཛད་པའི་ལེགས་བྱས་དང་། མ་འོངས་པར་སྔར་ལས་ལྷག་པའི་གོང་འཕེལ་ལ་ཤུགས་འདོན་དགོས་པའི་རེ་འདུན་སོགས་ཀྱི་ཐད་ནས་གསུང་བཤད་རབ་དང་རིམ་པ་མཛད་ཅིང་། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་བསམ་འཆར་ཕྱག་བྲིས་མིང་རྟགས་བཀོད་པ་སོགས་ཀྱི་མཐར་རྫོང་དཔོན་གྱིས་འཚོགས་འདུ་མཇུག་བསྡུའི་གཏམ་དང་བཀྲ་ཤིས་པའི་ཐལ་སྒྲ་བཅས་ཡོངས་སུ་གྲོལ་ལོ། །