འབྲོང་ཕྲུག་དེབ་གསར《བཞད་འཕྱིས་པའི་མེ་ཏོག》འགྲེམ་སྤེལ་བྱས་པ།
འབྲོང་ཕྲུག་དེབ་གསར《བཞད་འཕྱིས་པའི་མེ་ཏོག》འགྲེམ་སྤེལ་བྱས་པ།
ཟླ6པའི་ཚེས20ཉིན། དེང་རབས་བོད་ཀྱི་ན་གཞོན་སྙན་ངག་པ་འབྲོང་ཕྲུག་གི་སྙན་དེབ《བཞད་འཕྱིས་པའི་མེ་ཏོག》གི་འགྲེམ་སྤེལ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོ་ཆུང་ངུ་ཞིག་མང་རྫོང་གསེར་གྱི་སྙེ་མ་གསོལ་མགྲོན་ཁང་ཆེན་མོར་བསྡུས་པ་རེད།
《བཞད་འཕྱིས་པའི་མེ་ཏོག》ནི་འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི་དཔེ་དེབ་བཞི་བ་ཡིན་ཞིང་། འདིའི་ཡར་སྔོན་དུ《ཆང་དང་སྙན་ངག་གི་མཚན་མོ》ཞེས་པའི་སྙན་དེབ་ཅིག་དང《སློབ་ཆུང་སློབ་མའི་རྩོམ་ཡིག་འབྲི་ཚུལ》དང 《སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བསླབ་ཕྱིའི་ཀློག་དེབ》ཅེས་པའི་བསླབ་དེབ་གཉིས་པར་དུ་བཏབ་ཅིང་། མང་རྫོང་ས་ཆའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བསླབ་ཕྱིའི་ཀློག་དེབ་གཙོ་གྲས་སུ་གྱུར་མྱོང་བ་རེད།
《བཞད་འཕྱིས་པའི་མེ་ཏོག》ནི་འུ་གཉིས་ཀྱི་བརྩེ་དུངས་དང་བདའ་ཚང་གི་མགྱོགས་བྲིས། འབྲོང་ཕྲུག་གི་མཚན་མོ། བཞད་འཕྱིས་པའི་མེ་ཏོག་བཅས་ཚན་པ་བཞི་ཡིས་གྲུབ་ཅིང་། དེ་དག་ལ་རྩོམ་པ་པོས་སྤྱི་ལོ2000ལོ་ནས2013ལོའི་བར་གྱི་སྙན་ངག་བརྒྱ་ལྷག་བདམས་བཏུས་བྱས་ཡོད་པ་དང་། བརྩམས་ཆོས་མང་ཤོས་ཤིག་བོད་ཁུལ་གྱི་དུས་དེབ་དང་ཚགས་ཤོག་སྣ་ཚོགས་སུ་བཀོད་མྱོང་བར་མ་ཟད། རྩོམ་བཏུས་སྣ་ཚོགས་སུ་བསྡུས་ཡང་མྱོང་བས། རྩོམ་པ་པོ་ནར་སོན་པའི་ལོ་ཟླའི་གྲིབ་རིས་སམ། ཁོའི་ལང་ཚོའི་རྨི་ལམ་དང་མི་ཚེའི་ཕུགས་འདུན། བརྩེ་བའི་ཕྱི་ནང་མཚོན་ཡོད་པར་སེམས།
སྙན་དེབ་འདིའི་མཇུག་བྱང་དུ་བཀོད་ཡོད་པ་ནང་བཞིན། འབྲོང་ཕྲུག་ལྷ་ཆེན་རྒྱལ་ལ་མཚོན་ནས་བཤད་ན། སྙན་ངག་ནི་གཞན་གྱི་འདོད་མོས་ལྟར་ལྷ་མོ་དང་འཕྱོན་མ་ཅི་ཡང་མ་ཡིན་པར། ཕལ་ཆེར་ཧ་ཅང་ཁེར་རྐྱང་གི་དུས་སུ་རྙེད་པའི་སེམས་གསོ་ཞིག་གམ། ཡང་ན། ཧ་ཅང་དབུལ་ཕོངས་ཀྱི་དུས་སུ་མཁོ་བའི་ལམ་རྒྱགས་ཤིག་ལ་ངོས་བཟུང་ཡོད་པས་ན། སྐབས་ལན་རེར། ཁོ་ལ་ཧ་ཅང་བཟོད་དཀའ་བའི་སྨྲ་བསམ་བརྗོད་འདས་ཀྱི་ཁེར་རྐྱང་དང་སྨྲེང་སུན། སྐྱོ་ངལ་ལ་སོགས་པའི་མནར་གཅོད་རབས་དང་རིམ་པ་ཞིག་རང་ཤུགས་སུ་སྐྱེས་ཡོང་སྟེ། དགའ་སྡུག་གི་ཚོར་བ་འདི་དག་གིས་ཁོའི་བློ་ཁ་སྙན་ངག་ལ་གཏད་ཅིང་། སྙན་དེབ་འདིའི་ནང་གི་བརྩམས་ཆོས་མང་ཤོས་ཤིག་ཀྱང་དེ་ལྟར་གྲུབ་པ་ཡིན་སྐད།