མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བོད་ཀྱི་རི་ཆུའི་རིག་གནས་ཞིབ་འཇུག་སྐོར་གྱི་འཆད་ཁྲིད་གནང་།

བློ་བཟང་ལྷུན་གྲུབ་རྡོ་རྗེས་བོད་ཀྱི་རི་ཆུའི་རིག་གནས་ཞིབ་འཇུག་སྐོར་གྱི་འཆད་ཁྲིད་གནང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རིག་གཞུང་འཆད་ཁྲིད་ཐེངས12པ་དེ་ཟླ་འདིའི་ཚེས28(གཟའ་ལྷག་པ)ཉིན་གྱི་དགོང་མོའི་དུས་ཚོད་བདུན་གྱི་སྟེང་བྱང་གླིང་གཅིག་ཐོག་གི་རིག་གཞུང་སྙན་ཞུ་ཁང་ནས་གཟབ་རྒྱས་ངང་ཚོགས།
ཐེངས་འདིའི་འཆད་ཁྲིད་དུ་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱིའི་འགན་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་མཆོག་གདན་འདྲེན་ཞུས་པ་དང་། སྐུ་ཉིད་ཀྱིས་མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་ཞིབ་འཇུག་ཕྱོགས་ཀྱི་འཆད་ཁྲིད་རྨ་མེད་པ་གནང་།

ཡུལ་དངོས་ཀྱི་རྣམ་པ།
དགོང་མོའི་འཆད་ཁྲིད་འདིར་སློབ་གྲྭའི་དགེ་སློབ་མང་པོ་འདུས་ཡོད་པ་མ་ཟད། གནའ་མཁར་ཟི་ལིང་ན་སྡོད་པའི་བོད་ཀྱི་རིག་གནས་པ་ཇི་སྙེད་ཅིག་ཀྱང་མ་བོས་མགྲོས་དུ་སླེབས་ཡོད། ཐོག་མར་གླིང་གཙོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་དགེ་རྒན་ཆེན་མོ་བློ་བཟང་ལྷུན་གྲུབ་རྡོ་རྗེ་མཆོག་ངོ་སྤྲོད་མདོར་བསྡུས་བྱས་པ་དང་། རྗེས་སུ་རྒན་ལགས་ཀྱི་འཆད་ཁྲིད་དངོས་སུ་མགོ་བརྩམས། དང་ཐོག་ཁོང་གིས་མཚོ་བོད་མཐོ་སྒང་གི་གོ་དོན་ནས་གླེང་བསླངས་ཏེ་མཚོ་བོད་མཐོ་སྒང་གི་སའི་ཆགས་དབྱིབས་དང་གྲུབ་ཚུལ། མཚོ་བོད་མཐོ་སྒང་གི་དྭངས་གཙང་ཆུའི་འབྱུང་ཁུངས། ངོ་མཚར་རིའི་བཀོད་པ་དེ་འཛམ་གླིང་གི་རི་ཆུའི་རིག་གནས་ལ་ཞིབ་བསྡུར་དང་སྨྱན་མང་གཟུགས་ཀྱི་ལམ་ནས་དཔེ་མཚོན་འདྲ་རིས་གཅིག་གཅིག་གཉིས་གཉིས་སྒོས་མིག་གི་དགའ་ཚལ་དུ་བསྟར། དེ་ལས་ཀྱང་ཁོང་གིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་གཉིས་དཔེ་བསྡུར་ཏེ་འདས་སོང་གི་གནས་བབ་དང་ད་ལྟའི་འཇིགས་ཉེན། མ་འོངས་པའི་སྲུང་སྐྱོང་གི་ཐད་དུ་དཔེ་བརྗོད་མང་པོ་བཞག་ནས་འབག་བཙོག་ལ་བཟོ་བཅོས། ཁོར་ཡུག་གཏོར་བརླག་ལ་ཚོད་འཛིན། ཆུད་ཟོས་ལ་གྲོན་ཆུང་བྱེད་དགོས་པའི་སྐུལ་སློང་གི་ཁ་ཏ་ལེགས་པོ་གནང་། ལྷག་པར་བོད་མི་རིགས་ཀྱིས་གནའ་ནས་བཟུང་རི་ཆུའི་རིག་གནས་ལ་སྲུང་སྐྱོང་གི་འདུ་ཤེས་དྲག་པོ་ཡོད་པ་ཕྱོགས་རེ་རེ་ནས་ཁ་མཚར་དང་གཏམ་དཔེར་སྦྱར་པས་དེར་འདུས་ལྟ་མཁན་དང་ཉན་མཁན་རྣམ་པའི་བློ་སྒོ་ཅིག་ཅར་ཕྱེས།
མཇུག་མཐར་ཁོང་གིས་ང་ཚོས་ཡབ་མེས་གོང་མ་རྣམས་ཀྱི་ལྷད་མེད་དྲི་བྲལ་གྱི་བཟའ་བཏུང་ལ་རོལ་ནས། ཕྱི་རབས་རྒྱུད་འཛིན་རྣམས་ཀྱི་གསེར་གྱི་སླ་ང་གཏན་ནས་གཅོག་མི་རུང་བའི་ལེགས་བཤད་གནས་ལུགས་ཅན་གྱིས་སའི་གོ་ལ་ནི་ང་ཚོའི་ཁྱིམ་གཞི་ཡིན་ཞིང་རང་ཉིད་ནས་མགོ་བརྩམས་ཏེ་མཛེས་སྡུག་གི་ཁྱིམ་གཞི་འདིར་གཅེས་སྐྱོང་བྱ་དགོས་པའི་སློབ་གསོ་ཡག་པོ་བཏང་། འཆད་ཁྲིད་གྲོལ་ཁར་དགེ་སློབ་རེ་ཟུང་གིས་འཆད་ཁྲིད་བརྒྱུད་ནས་རང་གིས་དྲི་འདོད་པའི་དྲི་གཞི་བཏོན་པར། ཁོང་གིས་དོན་འདུས་གོ་སླའི་ཚུལ་དུ་དྲིས་ལན་བཏབ་ཞིང་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ཡིས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་སྤྱི་སྡོམ་མཛད་དེ་འཆད་ཁྲིད་བདེ་ལེགས་ངང་མཇུག་རྫོགས་སོ། །
