མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སྐབས་བཅུ་བའི་མིག་གསུམ་པའི་རྩོམ་རིག་བགྲོ་གླེང་།

མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སྐབས་བཅུ་བའི་མིག་གསུམ་པའི་རྩོམ་རིག་བགྲོ་གླེང་།
མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སྐབས་བཅུ་བའི་མིག་གསུམ་པའི་རྩོམ་རིག་བགྲོ་གླེང་དེ་ཟླ་འདིའི་ཚེས27ཉིན(གཟའ་མིག་དམར)གྱི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་དུ་ཤར་གླིང་གི114སློབ་ཁང་ནས་བདེ་ལེགས་ངང་ཚོགས།
སྐབས་ཐེངས་འདིའི་བགྲོ་གླེང་ལ་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་མཚོ་སྐྱེས་དོན་གྲུབ་ཚེ་རིང་དང་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་རླུང་འཕྲིན་མདོ་འཛིན་པ་ཚེ་རིང་བཀྲ་ཤིས་སམ་རུས་པ། སློབ་རའི་འགྱུར་ཁུགས་ལེ་ཚན་གྱི་མདོ་འཛིན་པ་བཀྲ་ཤིས་རྒྱ་མཚོ། བརྙན་འཕྲིན་མདོ་འཛིན་པ་སྒྲོལ་མ། 2012ལོའི་ཞིབ་འཇུག་སློབ་མ་སྟག་རིག་འབྲུག་ཐར་བཅས་གདན་ཞུའི་སྐུ་མགྲོན་དུ་ཕེབས་ཤིང་། 2011ལོའི་བོད་ཡིག་འཛིན་གྲྭའི་ཨ་རྟ་མགྲིན་སྐྱབས་དང་མདོ་མེད་པ་ཁ་གྲག འབྲུག་མོ་སྐྱིད་བཅས་ཀྱིས་གཅོ་སྒྲུབ་དང་ཚོགས་རའི་འགན་འཛིན་མཛད།

ཡུལ་དངོས་ཀྱི་རྣམ་པ།
ཐེངས་འདིའི་རྩོམ་རིག་བགྲོ་གླེང་གི་བརྩམས་ཆོས་ནི་སྙན་ངག་པ་མཚོ་སྐྱེས་དོན་གྲུབ་ཆེ་རིང་གི《ས་རུབ་ཐེངས་རེ་རེར》ཞེས་པའི་སྙན་ངག་དེ་ཡིན། ཐོག་མར་ཨ་རྟ་མགྲིན་སྐྱབས་ཀྱིས་ཚོགས་ཞུགས་སྐུ་མགྲོན་མཚམས་སྦྱོར་བྱས་པ་དང་བརྒྱུད། བགྲོ་གླེང་གི་འབྲེལ་ཡོད་བརྒྱུད་རིམ་ཁ་གསལ་དོན་འདུས་སྒོས་བསྒྲགས་བྱུང་ལ། དེར་མཐུད་རྒན་མཚོ་སྐྱེས་ལགས་ཀྱིས་མདོར་བསྡུས་སྒོས་སྙན་ངག་བརྩམས་ཆོས་དང་འབྲེལ་ནས་གསུང་འདོད་པའི་སྐད་ཆ་འགའི་གླེང་སློང་རྗེས། གཞི་ནས་ཁྱད་མེད་སྒོས་གླིང་སོ་སོ་དང་སྡེ་ཁག་སོ་སོ། ལོ་རིམ་སོ་སོའི་སློབ་མ་རྣམས་ཀྱིས་གང་དྲན་སེམས་ཀྱི་མྱོང་ཚོར་དང་ཐེ་ཚོམ་དྲི་བའི་མདུད་པ་སོགས་མ་སྦས་གསོང་བོར་བརྗོད་ནས་བགྲོ་གླེང་འཁྲུག་ཆ་ཅན་དུ་བསྒྱུར།
བགྲོ་གླེང་འདི་བརྒྱུད་དེ་རྩོམ་རིག་ལ་མོས་པ་ཡོད་པའི་ཀློག་པ་པོ་དང་རྩོམ་པ་པོ་གང་མང་ཞིག་ལ་རྩོམ་རིག་སྒྱུ་རྩལ་གྱི་མཛེས་སྡུག་གི་ཆ་དང་ལྐོག་གྱུར་གྱི་བབ། ཡིད་བརྙན་གྱི་ཐབས་སོགས་ཐོབ་བྱ་མི་དམན་པ་རེག་པའི་གླགས་རྙེད་པ་རེད།
མཇུག་མཐར་འགན་འཛིན་པས་བགྲོ་གླེང་སྤྱི་སྡོམ་དང་སྐབས་བཅུ་བའི་རྩོམ་རིག་བགྲོ་གླེང་གི་གོ་སྐབས་འདི་ལ་བརྟེན་ནས་ཚོགས་མི་གསར་བ་བསྡུ་བའི་སྐུལ་སློང་དང་སྦྲགས་ཚོགས་འདུ་བདེ་ལེགས་ངང་མཇུག་བསྒྲིལ་ལོ།།
