མཚོ་སྔོན་མི་རིགས་སློབ་ཆེན་དུ་སྐབས་གསུམ་པའི་ང་ཡི་ཆེད་ལས་དང་བོད་ཀྱི་རིག་གནས་ཞེས་པའི་བགྲོ་གླེང་སྤེལ་པ།

མཚོ་སྔོན་མི་རིགས་སློབ་ཆེན་དུ་སྐབས་གསུམ་པའི་ང་ཡི་ཆེད་ལས་དང་བོད་ཀྱི་རིག་གནས་ཞེས་པའི་བགྲོ་གླེང་སྤེལ་པ།
ཟླ5པའི་ཚེས15ཉིན། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་ནུབ་གླིང་ཡན་ལག་ཚོགས་པས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ནུབ་གླིང་སློབ་ཁུལ་དུ《སྐབས་གསུམ་པའི་ང་ཡི་ཆེད་ལས་དང་བོད་ཀྱི་རིག་གནས》ཞེས་པའི་བགྲོ་གླེང་སྤེལ་པ་རེད།
རང་ཅག་ཁ་བ་ཅན་གྱི་རིག་གནས་ནི་ཕུན་སུམ་ཚོགས་ཤིང་གྲ་རྒྱས་ལ། ལོ་ངོ་སྟོང་ཕྲག་རིང་གི་ལོ་ཡི་འཁོར་མོའི་རྒྱུན་ཐག་ཏུ་དམངས་སྲོལ་དང་ཆོས་ལུགས་ལ་སྦྲེས་ནས་འཕེལ་རྒྱས་བྱུང་བ་ཞིག་ལགས་མོད། ད་ལྟ་རིག་གནས་སྣ་མང་གི་འདུ་འགོད་དང་བསྟུན་ནས་བོད་རིགས་གཞོན་ནུ་རྣམས་ཀྱི་རང་རེའི་རིག་གནས་ལ་འཛིན་པའི་རྣམ་འགྱུར་ཐད་ལའང་འགྱུར་བ་ཕྱིན་ཏེ། མེས་པོའི་བློ་གྲོས་ལས་བྱུང་བའི་ཤུལ་བཞག་རིག་གནས་གང་མང་ཞིག་ཉམས་རྒུད་དུ་འགྲོ་བཞིན་ཡོད། ལྷག་པར་སློབ་ཆེན་སོ་སོའི་བོད་རིག་པའི་སློབ་གླིང་ཕུད། ཁྲིམས་ལུགས་དང་ཕྱི་སྐད། རྗས་འགྱུར། ཆ་འཕྲིན་སོགས་ཀྱི་ཆེད་ལས་སྣ་མང་ལ་སློབ་གཉེར་བྱེད་པའི་བོད་རིགས་སློབ་མ་རྣམས་ལ་མཚོན་ན། བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ལ་སློབ་གཉེར་བྱེད་པའི་སྐལ་བ་ནི་ཉམ་ཆུང་ཉག་ཕྲར་གྱུར་ཡོད། དེར་བརྟེན་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་ནུབ་གླིང་ཡན་ལག་ཚོགས་པས《ང་ཡི་ཆེད་ལས་དང་བོད་ཀྱི་རིག་གནས》ཞེས་པའི་རང་མོས་བགྲོ་གླེང་ཞིག་བསྟུད་མར་འདས་པའི་ལོ་གཉིས་ལ་སྤེལ་ཅིང་། ད་ལོར་ཡང《སྐབས་གསུམ་པའི་ང་ཡི་ཆེད་ལས་དང་བོད་ཀྱི་རིག་གནས》ཞེས་པའི་བགྲོ་གླེང་སྤེལ།

ཚོགས་རའི་ཟུར་ཞིག
ཚོགས་ཐོག་ཏུ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ། གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་མཚན་འཛིན་ཚོགས་གཙོ་འགྱུར་མེད་ལགས་དང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་རྡོ་རྗེ་ཁྱུང་གྲགས། མཚོ་སྔོན་མི་རིགས་སློབ་ཆེན་ཕྱི་སྐད་སློབ་གླིང་གི་དགེ་རྒན་ཚེ་དཔལ་རྡོ་རྗེ། ཞིབ་འཇུག་སློབ་མ་སྟག་འབུམ་རྒྱལ། བོད་རིག་པའི་སློབ་གླིང་དང་ཕྱི་སྐད་སློབ་གླིང་། ཁྲིམས་ལུགས་སྡེ་ཁག རྫས་འགྱུར་སློབ་གླིང་། ཆ་འཕྲིན་སློབ་གླིང་སོགས་ནས་ཕེབས་པའི་སློབ་གྲོགས120ལྷག་བགྲོ་གླེང་འདིར་ཞུགས།
བགྲོ་གླེང་འགོ་བརྩམས་མ་ཐག་ཐོག་མར་ནུབ་གླིང་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་རྒྱ་རིག་ཐར་ལགས་ནས་ཚོགས་པ་ངོ་སྤྲོད་དང་བགྲོ་གླེང་གི་དམིགས་ཡུལ་སོགས་གླེང་སྟེ་བགྲོ་གླེང་གི་དབུ་བསླངས་ཤིང་། སྔ་རྗེས་སུ་སློབ་གྲོགས་བཙན་ཆེན་མགོན་གྱིས《མཐུ་ཞེས་པ་དང་རྫས་འགྱུར་རྡང་གཉིས་གཅིག་མཐུན་ཡིན་པར་གླེང་བ》དང་། སློབ་གྲོགས་པདྨ་ཚེ་བརྟན་གྱིས《བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་དང་ཉི་ཧོང་གི་འགུལ་རིས་ལག་རྩལ》སོགས་ཀྱིས་མཚོན་པའི་གཏམ་བཤད་གནང་ལ། དགེ་རྒན་འགྱུར་མེད་དང་ཚེ་དཔལ་རྡོ་རྗེ་གཉིས་ནས་དཔྱད་འཇོག་ཕུན་སུམ་ཚོགས་པ་གནང་། མཇུག་མཐར་དགེ་རྒན་ཆེན་མོ་འགྱུར་མེད་ནས་སྤྱི་སྡོམ་གནང་སྟེ་ཐེངས་འདིའི་བགྲོ་གླེང་མཇུག་བསྡུས།
