འབུམ་རམས་པ་ཁྱེན་དབྱིན་གྱིས་མཚོ་ལྷོ་རུ་བོད་ཀྱི་སྐད་གཉིས་རྩོམ་རིག་གསར་རྩོམ་སོགས་ཀྱི་ཐད་རྟོག་ཞིབ་བྱས།

སློབ་གཙོ་གཞོན་པ་བསོད་ནམས་དཔལ་ལྡན་གྱིས་ཁོ་མོར་སློབ་གྲྭའི་གནས་ཚུལ་མཚམས་སྦྱོར་གནང་བ།
ཉེ་ལམ། ཨོ་སི་ཁྲོའུ་ལི་ཡའི་རྒྱལ་བཙུགས་སློབ་ཆེན་ཡ་ཐེའེ་ཞིབ་འཇུག་སློབ་གླིང་ཀྲུང་ཧྭའི་འཛམ་གླིང་ཞིབ་འཇུག་ལྟེ་གནས་ཀྱི་འབུམ་རམས་པ་ཁྱེན་དབྱིན་གྱིས་མཚོ་སྔོན་ཨ་མདོ་ས་ཁུལ་དུ་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་གནས་བབ་དང་ཁྱད་ཆོས། དེ་མིན་སྐད་གཉིས་སློབ་གསོ་སོགས་ཀྱི་ཐད་ནས་ཡུལ་དངོས་གཟིགས་ཞིབ་གནང་བ་དང་། མོ་རང་ཟི་ལིང་གྲོང་ཁྱེར་དུ་སྡོད་པའི་བོད་ཀྱི་རྩོམ་པ་པོ་ཁ་ཤས་ལ་འཚམས་འདྲིར་ཕྱིན་ཞིང་། བོད་ཀྱི་རྩོམ་པ་པོ་དང་རིག་གནས་ཤེས་ཡོན་པ་མང་པོ་ཞིག“མཚོ་ལྷོའི་དགེ་འོས་སློབ་གྲྭ”དང་ཁུངས་ཟབ་མོ་འདུག་པ་རྟོགས་པས་ན། ཟླ4བའི་ཚེས28ཉིན། ཁོ་མོ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་ཐོན་ནས་རྩོམ་རིག་ལ་དགའ་མོས་ཆེ་མཁན་མཚོ་སྔོན་པོ་དྲ་བའི་གཙོ་སྒྲིག་པ་རྡོ་རྗེ་རབ་བརྟན་གྱི་རོགས་འདེགས་འོག“མཚོ་ལྷོ་དགེ་འོས་སློབ་གྲྭ”(ད་ལྟ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོ)རུ་གཟིགས་ཞིབ་ཏུ་ཕེབས་ཤིང་། དེར་སློབ་གཙོ་གཞོན་པ་བསོད་ནམས་དཔལ་ལྡན་གྱིས་བསུ་མ་ཞུས་ཏེ་སློབ་གྲྭའི་ལོ་རྒྱུས་དང་རྩ་བའི་གནས་ཚུལ། སློབ་སྒྲུབ་ཀྱི་ཁྱད་འཕགས་རང་བཞིན་སོགས་མཚམས་སྦྱོར་གནང་སྟེ་ཁོ་མོའི་ཞིབ་འཇུག་རྟོག་ཞིབ་ཐད་ཆ་འཕྲིན་ལེགས་པོ་མཁོ་འདོན་བྱས།

ཁོ་མོས་ས་གནས་ཀྱི་སྙན་ངག་པའམ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་
དགེ་རྒན་ལྷ་མཁར་ཡག་ལ་རང་གི་མིང་བྱང་སྟེར་བཞིན་པ།
ཁོ་མོས་ཆབ་ཆ་རུ་ས་གནས་ཀྱི་སྙན་ངག་པ་དང་ན་གཞོན་རྩོམ་རིག་འབྲི་མཁན་ཁ་ཤས་དང་འབྲེལ་འདྲིས་བྱས་ཏེ་མཚོ་ལྷོ་ཁུལ་གྱི་རྩོམ་རིག་ཁ་དབུགས་ཐད་རྒྱུས་ལོན་བྱུང་ལ། སྒོས་སུ་རྡོ་རྗེ་རབ་བརྟན་གྱི་མཚམས་སྦྱོར་འོག མཚོ་ལྷོ་ས་ཁུལ་གྱི་བོད་རིགས་རྩོམ་རིག་ཐད་སྔར་ལས་ངོས་འཛིན་ལེགས་པོ་བྱུང་ཞིང་། ས་གནས་ཀྱིས་འདི་ལྟ་བུའི་རིག་གནས་ཀྱི་ཤེས་ཡོན་པ་མང་པོ་བསྐྱེད་སྲིང་གནང་བར་ཁོ་མོས་ཡི་རང་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཁོ་མོའི་མིག་སྔར་ཀྱི་ཞིབ་འཇུག་ཁ་ཕྱོགས་ནི་རིག་གནས་དང་རྩོམ་རིག གློག་བརྙན། སློབ་གསོ་སོགས་ཡིན་ཞིང་། ཐེངས་འདིའི་ཡུལ་དངོས་རྟོག་ཞིབ་ཀྱི་ནང་དོན་ནི་ཀྲུང་གོའི་མཐའ་ཁུལ་མི་རིགས་མང་པོ་འདུས་སྡོད་ས་ཁུལ་གྱི་རྩོམ་རིག་གསར་རྩོམ་ཐད་ཡིན་ལ། ཧཱ་ཧྥུ་སློབ་ཆེན་དུ་ཁོ་མོ་འབུམ་རམས་པའི་སློབ་མཐར་ཕྱིན་པ་དང་། ཞིབ་འཇུག་གི་ཁ་ཕྱོགས་ནི་ཨེ་ཤེ་ཡ་ཤར་མའི་སྐད་རིགས་དང་དཔལ་ཡོན། དེ་མིན་གློག་བརྙན་སོགས་ཡིན་ལ། ཇཱན་ཆོ་སློབ་ཆེན་དུ་རབ་འབྱམས་པའི་སློབ་མཐར་ཕྱིན་པ་དང་། རྒྱ་སྐད་དང་དབྱིན་སྐད། ཇེ་ཁིའི་སྐད། ཉི་ཧོང་སྐད། ཞི་པན་ཡའི་སྐད་སོགས་ལ་བྱང་ཆུད་པ་ཡིན།
