《རྔ་བའི་བོད་རིག་པ》ཞེས་པའི་རྩོམ་ཡིག་བསྡུ་བའི་གསལ་བརྡ།
《རྔ་བའི་བོད་རིག་པ》།
《རྔ་བའི་བོད་རིག་པ》ཞེས་པའི་དུས་དེབ་འདི་ནི་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུའུ་བོད་རིག་པའི་ཞིབ་འཇུག་ཁང་གིས་གཙོ་འགན་བཞེས་པའི་ནང་ཁུལ་གྱི་བརྗེ་རེས་དང་འགྲེམ་སྤེལ་ཆོག་མཆན་ཐོབ་པའི་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་རྔ་བ་ཁུལ་གྱི་བོད་རིག་པར་ཞིབ་འཇུག་གི་ཁྱད་ཆོས་གཙོ་བོར་བཟུང་བའི་སྣ་འཛོམས་རིག་གཞུང་དུས་དེབ་ཅིག་ཡིན་ལ། ལོ་རེར་རྒྱ་ཡིག་དང་བོད་ཡིག་གི་དུས་དེབ་གཉིས་པར་སྐྲུན་བྱེད་རྒྱུ་ཡིན།
དུས་དེབ་འདི་གཉེར་ནས་ལོ་ངོ10ལྷག་འདས་ཟིན་ལ། རྣམ་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་དང་རྒྱབ་སྐྱོར་བླ་མེད་མཛད་པར་རྩོམ་སྒྲིག་ཁང་གིས་ཕྱག་ཟུང་ཐལ་མོ་སྙིང་ཁར་སྦྱར་ནས་ཐུགས་རྗེ་ཆེ་ཞུ་བ་ལགས།
ད་ལོར་ཡང་བོད་ཡིག་གི་དེབ་ཨང25བ་དང་རྒྱ་ཡིག་གི་དེབ་ཨང26པ་འདོན་སྤེལ་བྱ་རྒྱུ་ཡིན་པས་བོད་ཀྱི་ཤེས་རིག་ཞིབ་འཇུག་ལ་གཞོལ་བའི་རྒྱ་ཆེའི་རྩོམ་པ་པོས་བོད་མི་རིགས་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་། མི་རིགས་སློབ་གསོ། ཡུལ་སྲོལ་གོམས་གཤིས། དགོན་པའི་ལོ་རྒྱུས། རྩོམ་རིག་སྒྱུ་རྩལ། མི་སྣ་གྲགས་ཅན། གནས་རིའི་དཀར་ཆག ས་མིང་ཆུ་མིང་། གླིང་སྒྲུང་ཡུལ་སྐོར། གནམ་རིག་སྐར་རྩིས། གསོ་རིག་སྨན་དཔྱད་སོགས་ཕྱོགས་གང་ཐད་ནས་ཕྱག་རྩོམ་ཆུ་བོའི་རྒྱུན་བཞིན་གནང་བ་དང་ཆབས་ཅིག་དོ་སྣང་མཛད་དགོས་པ་གཤམ་གསལ།
ཀ རྩོམ་ཡིག་བསྐུར་སྐབས་ངེས་པར་དུ་རྩོམ་འགོར་ནང་དོན་གནད་བསྡུས་དང་། བརྡ་ཆད་གཙོ་བོ། ལུང་ཁུངས་དང་ཟུར་ལྟའི་ཡིག་ཆའི་དཔེ་མིང་དང་རྩོམ་པ་པོ། དཔེ་སྐྲུན་ཁང་། དཔར་དུ་བསྐྲུན་ལོ། ཤོག་ངོས་ཨང་གྲངས་སོགས་ཟུར་མཆན་གསལ་བོར་འགོད་དགོས།
ཁ འདི་གར་འབྱོར་བའི་རྩོམ་ཡིག་རྣམས་ཟླ་བ་ལྔའི་ནང་ཚུན་དུ་དུས་དེབ་ཏུ་འགོད་ཐུབ་མིན་གྱི་བརྡ་ལེན་མ་བྱུང་ན་དུས་དེབ་གཞན་དུ་བསྐུར་ཆོག་ལ། རྩོམ་ཡིག་ཕྱིར་སློག་མི་བྱེད་པས་མ་ཕྱི་རང་ཉིད་ཀྱིས་ཉར་འཇོག་མཛད་དགོས།
ག རྩོམ་ཡིག་རྣམས་བལྟ་བདེ་ལ་འཁྲུལ་བ་མི་འབྱུང་ཕྱིར་ནག་སུབ་ཆད་ལྷག་སོགས་ཀྱིས་མ་བསླད་པར་ངོས་གཙང་ཞུས་ནན་ཐོག་རབ་བྱུང་ན་གློག་ཀླད་ཀྱིས་འདེབས་པའམ་གློག་རྡུལ་ཡིག་ཚགས་བསྐུར་ཕེབས་དགོས།
ང བསྩལ་བའི་རྩོམ་ཡིག་རྣམས་ཆབ་སྲིད་ཀྱི་ཁ་ཕྱོགས་དང་བསྟུན་ཞིང་གྲུབ་མཐའི་ཆགས་སྡང་དང་ས་ཁུལ་གྱི་ཕྱོགས་རེས་མ་འདྲེས་པའི་རྩོམ་ཡིག་ཡིན་དགོས་ལ་ཡིག་འབྲུ3000ཡན་བྱུང་ན་ལེགས།
ཅ རྩོམ་ཡིག་དང་ཆབས་ཅིག་རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས་ཤིག་བསྐུར་དགོས་པའི་ནང་ས་གནས་ཀྱི་མིང་དང་། རྩོམ་པ་པོའི་མཚན། རྩོམ་ཡིག་གི་ཁ་བྱང་སོགས་རྒྱ་ཡིག་ཏུ་ཇི་ལྟར་འབྲི་དགོས་པ་གསལ་ཁ་མཛད་དགོས་པ་མ་ཟད་འབྲེལ་གཏུགས་ཀྱི་ཁ་པར་ཨང་གྲངས་འབྲི་གནང་ཡོད་པ་བཅས་ལ་དགོངས་འཇགས་འཚལ།
ཆ ཆེད་ཞུ། ད་ལོ་ནས་བཟུང་རྩོམ་སྒྲིག་ཁང་འདིས《རྔ་བའི་བོད་རིག་པ》ཞེས་པའི་དུས་དེབ་ལས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་རྔ་བ་ཁུལ་གྱི་སྲིད་འབྱོར་རིག་གསུམ་ཐད་ལ་དོན་དངོས་དང་མཐུན་ཞིང་གསར་གཏོད་ཀྱི་རང་བཞིན་ལྡན་པ། ཞིབ་འཇུག་གི་ཚད་མཐོ་བའི་དཔྱད་རྩོམ་གྲངས་ངེས་ཅན་ལོངས་ཚེ་ལེགས་པར་བདམ་ཏེ《རྔ་བའི་བོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་གངས་རིའི་རང་གདངས་》ཞེས་པའི་དཔེ་ཆ་མུ་མཐུད་དུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་ཚད་ལྡན་དཔེ་སྐྲུན་བྱེད་རྒྱུ་ཡིན།
ཇ རྩོམ་བསྐུར་ཡུལ། སི་ཁྲོན་རྔ་བ་ཁུལ་འབར་ཁམས་མཐུན་སྒྲིལ་སྲང་ལམ་ཨང111པ་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་བོད་རིག་པའི་ཞིབ་འཇུག་ཁང་། (地址:四川省阿坝州马尔康团结街111号阿坝州藏文编译局藏学研究室)
ཁ་པར།(0837)2821771
ཡིག་སྒམ། abzxbjb@sina.com
སྦྲག་ཨང་། 624000
《རྔ་བའི་བོད་རིག་པ》རྩོམ་སྒྲིག་ཁང་གིས།