དཔལ་ས་སྐྱའི་ཆོས་མཛོད་ཆེན་མོ་ལེགས་གྲུབ་བྱུང་བའི་མཛད་སྒོ་ཁྲིན་ཏུའུ་རུ་བསྡུས་པ།

དཔལ་ས་སྐྱའི་ཆོས་མཛོད་ཆེན་མོ་ལེགས་གྲུབ་བྱུང་བའི་མཛད་སྒོ་སྡུད་བའི་ཡུལ་དངོས།
ཟླ3པའི་ཚེས30ཉིན། སི་ཁྲོན་ཁྲིན་ཏུའུ་བོད་ཁྲོམ་གྱི་ཛཾ་བྷ་ལའི་གསོལ་སྟོན་གླིང་ནས། ལྷག་བསམ་དང་སྙིང་སྟོབས་ཀྱི་ཕྱུག་པའི་ཁྲོཾ་ལྗོངས་མཁན་པོ་འཇམ་དབྱངས་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་སྤྱི་ལོ་ཉིས་སྟོང་དགུ་ལོ་ནས་བཟུང་ལོ་ངོ་ཧྲིལ་བོ་དྲུག་གི་རིང་། དཀའ་ངལ་དང་གནོན་ཤུགས་ཀྱི་བརྒྱུད་རིམ་མང་པོ་གདོང་གིས་བསུས་ཏེ་འབད་པ་བརྒྱ་ཕྲག་གིས་གཉེར་བའི་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ཞེས་འཐུས་སྒོ་ཚང་བའི་དཔེ་རྙིང་སྲུང་སྐྱོབ་ཁང་ཞིག་དབུ་བརྙེས་པར་བྱས་ཤིང་། བོད་དར་གྲུབ་མཐའ་རིས་མེད་ཀྱི་དཔེ་རྙིང་པོད་གྲངས་ཁྲི་ཕྲག་གཉིས་ལྷག་བསྡུས་ཏེ། གངས་ཅན་རིག་མཛོད་དང་། བྲིས་པོད་གཅེས་བསྡུས། ཐར་ལམ་གསལ་སྒྲོན། ཁྲོཾ་ལྗོངས་གནའ་རབས་དཔེ་ཚོགས། ཐུན་མོང་རིག་མཛོད། ས་སྐྱའི་ཆོས་མཛོད། བྱང་ཆུབ་ལམ་སྒྲོན།དཔེ་དཀོན་གཅེས་བཏུས།འཇིག་རྟེན་མིག རིག་ནོར་གཅེས་བཏུས། ཡང་དར་བསྟན་པའི་གསོས་སྨན་ཞེས་དཔེ་ཚོགས་ཆེན་མོ་ཁག་བཅུ་གཅིག་ཡོད་པ་རེད།
བོད་ལྗོངས་དང་སི་ཁྲོན་སོགས་མི་རིགས་པར་སྐྲུན་ཁང་སོ་སོ་ནས་ཚད་ལྡན་དུ་བསྐྲུན་ཏེ་རྒྱ་ཆེའི་དཔེ་ཀློག་པ་རྣམ་པའི་སྤྱན་ལམ་དུ་ཕུལ་དང་འབུལ་བཞིན་པའི་ནང་ཚན། དཔེ་ཚོགས་ཁག་དྲུག་པ《དཔལ་ས་སྐྱའི་ཆོས་མཛོད་ཆེན་མོ》ཐེངས་དང་པོ་ལེགས་གྲུབ་ཀྱི་མཛད་སྒོསྔ་མོའི་ཆུ་ཚོད་དགུ་པའི་སྟེང་ཟབ་རྒྱས་ངང་བསྡུས་སོང་།
མཛད་སྒོའི་སྟེང་དཔེ་རྙིང་བསྡུ་སྒྲིག་ཁང་གི་ལས་སྒྲུབ་ན་གཞོན་ཕོ་མོའི་མེ་ཏོག་གི་མཆོད་སྤྲིན་དང་སྦྲེལ། ཚོགས་གཙོ་མཁན་འཇམ་དབྱངས་ཡོན་ཏན་རྒྱ་མཚོ་ལགས་དང་། དགོན་ཆེན་མཁན་པོ་སྐལ་ལྡན་རྣམ་པ་གཉིས་ཀྱིས་དཔེ་ཚོགས་ཆེན་མོའི་ཞལ་ཕྱེས་ཤིང་། དཔེ་སྒྲིག་ཁང་གི་དབུ་གཙོ་མཁན་འཇམ་དབྱངས་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་དཔེ་སྒྲིག་ཁང་ཇི་ལྟར་དབུ་བཙུགས་པ་དང་། ད་ལྟའི་གནས་བབ། མ་འོངས་པའི་འཆར་གཞི་སོགས་དང་འབྲེལ་དཔེ་ཚོགས་བསྡུ་སྒྲིག་གི་བྱ་བའི་བརྒྱུད་རིམ་ངོ་སྤྲོད་མཛད།

དཔལ་ས་སྐྱའི་ཆོས་མཛོད་ཆེན་མོ་ལེགས་གྲུབ་བྱུང་བའི་མཛད་སྒོ་སྡུད་བའི་ཡུལ་དངོས།
མཛད་སྒོའི་སྟེང་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི་དབུ་གཙོ་གཞོན་པ་དང་། ཞིང་ཆེན་གནའ་རྫས་སྲུང་སྐྱོབ་ཁང་གི་འགན་འཛིན་ཆེན་མོ་བང་ཅ་ལེན་ལགས་ཀྱིས་མཛད་སྒོ་འདི་བསྡུས་པར་སྤྲོ་སྣང་གིས་རྟེན་འབྲེལ་ཞུས་པ་དང་། ཆོས་མཛོད་པར་བསྐྲུན་གྱི་ལས་རིམ་འདི་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི་མངའ་ཁོངས་ནས་ལུགས་མཐུན་དང་། སྤུས་ཚད་ལྡན་པའི་སྒོ་ནས་གཉེར་བའི་བྱ་བཟང་དོན་བཟང་ཞིག་ཡིན་པའི་སྐོར་ནས་གསུང་བཤད་མཛད། དེ་ལས་གཞན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་ཆོས་མཛོད་ཆེན་མོ་ལེགས་གྲུབ་ཀྱི་མཛད་སྒོར་བསྟོད་པ་དང་འབྲེལ། བོད་ཀྱི་རིག་གནས་ལ་མེད་དུ་མི་རུང་བ་ནི་དཔེ་ཚོགས་སྲུང་སྐྱོབ་ཀྱི་བྱ་གཞག་ཡིན་པའི་སྐོར་ནས་གཏམ་བཤད་གནང་།
དཔེ་སྒྲིག་ཁང་གི་ལས་སྒྲུབ་མི་སྣ་ན་གཞོན་ཚོས་ཆོས་མཛོད་ཆེན་མོ་ལེགས་གྲུབ་ཀྱི་དགའ་སྟོན་དང་འབྲེལ་བའི་གནའ་དེང་གི་གླུ་གཞས་རྐྱང་ལེན་དང་། མཉམ་ལེན། རྡུང་ལེན། བོད་ཀྱི་དམངས་གླུ་དབྱངས་རིང་མ་སོགས་ཀྱི་སྙན་འཇེབས་འོག་ཚོགས་ར་ཆེན་མོའི་ཁོར་ཡུག་ལ་ཉམས་དགའ་སྤྲོ་སྐྱིད་ཀྱི་གོ་སྐབས་རྒྱ་ཆེན་པོ་བྱིན།
མཛད་སྒོ་འདི་ནི་བོད་ཀྱི་དཔེ་རྙིང་བསྡུ་སྒྲིག་བྱ་བའི་ལས་རིམ་ཐད་ནས་སྔོན་མེད་ཀྱི་བྱ་བཟང་རྟེན་འབྲེལ་གྱི་རྣམ་པ་མི་དམན་པ་ཞིག་ཡིན་པར་མ་ཟད། བོད་ཀྱི་རིགས་གཞུང་དར་སྤེལ་གྱི་ལས་ཀ་ལ་མཐོང་ཆེན་དང་། བརྩི་མཐོང་ཚད་མཐོན་གནང་དགོས་པའི་མཚོན་དཔེ་བླ་ན་མེད་པ་ཞིག་གི་དབུ་ཁྱུད་ཀྱང་རེད་སྙམ་ཡོད་དོ། །
