logo

སྨོན་ལམ་བུམ་པའི་སློབ་ཆེན་སློབ་མའི་སྐབས་གཉིས་པའི་སྙན་ངག་འགྲན་བསྡུར་མཇུག་བསྡུས།

རྩོམ་པ་པོ།:མཁའ་འགྲོ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-20 ཀློག་གྲངས།:
      མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་རྩོམ་སྒྲིག་ཁང་གིས་གཙོ་སྒྲུབ་གནང་ཞིང་། སྐུ་འབུམ་དགོན་པའི་དགེ་བཤེས་སྨོན་ལམ་རྒྱ་མཚོ་ཡིས་མཐུན་རྐྱེན་སྦྱར་བའི་རྒྱལ་ཡོངས་སྨོན་ལམ་བུམ་པའི་སློབ་ཆེན་སློབ་མའི་སྐབས་གཉིས་པའི་སྙན་ངག་འགྲན་བསྡུར་དེ་ཉེ་ཆར་མཇུག་བསྡུས།
      དེ་ཡང་སྨོན་ལམ་བུམ་པའི་རྒྱལ་ཡོངས་བོད་ཁུལ་གྱི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་དེ་བསྟུད་མར་ལོ་ལྔ་ལ་སྤེལ་ཞིང་། 2012ལོར་སློབ་ཆེན་སློབ་མའི་སྒྲུང་གཏམ་འགྲན་སྡུར་སྤེལ་མགོ་བརྩམས་ལ། 2013ལོར་སློབ་ཆེན་སློབ་མའི་སྙན་ངག་འགྲན་སྡུར་སྤེལ་ཞིང་། 2014ལོར་སློབ་ཆེན་སློབ་མའི་ལྷུག་རྩོམ་འགྲན་སྡུར་སྤེལ་རྩིས་ཡོད། ཐེངས་འདིའི་སློབ་ཆེན་སློབ་མའི་སྙན་ངག་འགྲན་སྡུར་ལ་བསྡོམས་པའི་བརྩམས་ཆོས87འབྱོར་ལ། དེ་ལས་ཚགས་པར་སྟེང་སྙན་ངག32བཀོད་ཅིང་། ཐོག་མའི་དཔྱད་འདེམས་བརྒྱུད་བརྩམས་ཆོས15འདེམས་ཐོན་བྱུང་ཞིང་། དེ་ལས་བསྐྱར་འདེམས་དང་མཐའ་མའི་དཔྱད་འདེམས་བརྒྱུད་བྱ་དགའ་ཨང་དང་པོ་གཅིག་དང་བྱ་དགའ་ཨང་གཉིས་པ་གཉིས། བྱ་དགའ་ཨང་གསུམ་པ་གསུམ་བཅས་གདམས་ཐོན་བྱུང་།
      ཐེངས་འདིའི་དཔྱད་འདེམས་པ་ནི་སྦྲང་ཆར་རྩོམ་སྒྲིག་ཁང་གི་རྩོམ་རིག་དཔྱད་བརྗོད་པ་སྐུ་ཞབས་ཨ་བུ་འམ་ཆོས་སྐྱོང་དང་། མཚོ་ནུབ་བརྙན་འཕྲིན་ཁང་གི་སྙན་ངག་པ་བོང་སྟག་རི་ལུ། མཚོ་བྱང་ཁུལ་གྱི་སྙན་ངག་པ་གངས་སྨྱོན་བཅས་ཡིན་ལ། དྲང་བོ་དྲང་བཞག་གིས་དཔྱད་འདེམས་བྱས་པ་བརྒྱུད་སོ་སོར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་བུ་དབང་ཆེན་ཚེ་རིང་གི་སྙན་ངག《དབྱར་དུས་ཀྱི་ཕ་ཡུལ》 ལ་བྱ་དགའ་ཨང་དང་པོ་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་བུ་པད་མ་འཕགས་མོ་རྟ་མགྲིན་གྱི་སྙན་ངག《རྡོ་ལོག་ཅིག་ལ་སྨྲས་པ》དང་།  མཚོ་སྔོན་འགྲིམ་འགྲུལ་སློབ་གླིང་གི་སློབ་བུ་ཡུམ་ཆེན་རྒྱལ་གྱི་སྙན་ངག《ཁྱོད་སུ་ཡིན》ལ་བྱ་དགའ་ཨང་གཉིས་པ་ཐོབ། བོད་ལྗོངས་སློབ་ཆེན་གྱི་སློབ་བུ་བསྟན་འཛིན་མཚུངས་མེད་ཀྱི་སྙན་ངག《ལམ་དཀར་ནག》དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་བུ་སྟག་རིག་འབྲུག་ཐར་གྱི་སྙན་ངག《དབྱངས་ལ་བརྒྱུས་པའི་རེ་འབོད》ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་བུ་རྣམ་གླིང་རིན་ཆེན་གྱི་སྙན་ངག《ང་དང་དབྱར་ཟླ་དྲུག་པ》བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ་ཅིང་།  ཉིན་དེའི་ཕྱི་དྲོར་གནའ་མཁར་ཟི་ལིང་གྲོང་ཁྱེར་ནས་བྱ་དགའ་སྤེལ་བའི་མཛད་སྒོ་བསྡུས་ཤིང་། མཛད་སྒོའི་སྟེང་བོད་ཀྱི་དུས་དེབ་དང་ཚགས་པར་ཁང་ཆེ་གྲས་ཀྱི་གཙོ་སྒྲིག་པ་སྐོར་ཞིག་ཀྱང་ཞུགས་ཡོད།


འབྲེལ་ཡོད་འོས་སྦྱོར།