logo

བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གྲོས་ཚོགས་ཐེངས་བཞི་བ་ཁྲུན་ཏུའུ་རུ་བསྡུས་པ།

རྩོམ་པ་པོ།:རིན་སྤུངས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-17 ཀློག་གྲངས།:


བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གྲོས་ཚོགས་ཐེངས་བཞི་བ་ཁྲུན་ཏུའུ་རུ་བསྡུས་པ།

  ཟླ1པོའི་ཚེས7ཉིན་ནས་ཚེས10ཉིན་བར་སི་ཁྲོན་ཁྲིན་ཏུའུའི་གྲོང་ཁྱེར་དུ་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གྲོས་ཚོགས་ཐེངས་བཞི་བ་དངོས་སུ་ཚོགས། མང་པོ་ཞིག་གིས་མཁྱེན་གསལ་ལྟར་ད་ལྟའི་དུས་རབས་འདི་དང་། ཡང་ན་དེང་སང་གི་སྤྱི་ཚོགས་འདི་ལ་རྒྱལ་བསྟན་རིན་པོ་ཆེ་བརྗོད་བྱ་གཙོ་བོ་ཡིན་པའི་ཞང་བོད་ཀྱི་རིག་གནས་གང་ཞིག་འཛམ་བུ་གླིང་དུ་ཁྱབ་བསྒྲགས་སམ་འགྲེལ་སྤེལ་བྱ་དགོས་ན། མི་རིགས་གཞན་པའི་སྐད་ཡིག་བེད་སྤྱད་དེ་འགྲེལ་སྤེལ་བྱས་ན་ནི། སྟབས་བདེ་ཞིང་ཁྱབ་རྒྱ་ཡང་ཤིན་ཏུ་ཆེན་པོ་ཡིན་པར་བཤད་མ་དགོས་ལ། དེ་ལས་ཀྱང་རྒྱ་ཡིག་དང་དབྱིན་ཡིག་ལྟ་བུའི་ལམ་ནས་རང་བསྟན་འདི་མི་རིགས་དེ་དག་ལ་ངོ་སྤྲོད་ཅིག་བྱ་ཐུབ་ན་དགེ་མཚན་ཆེ་ལ་གནས་ལུགས་དང་མཐུན་པ་ཞིག་ཡིན་པའི་མ་ཚད། སྐད་རིགས་དེ་དག་གི་ལམ་ནས་འགྲེལ་སྤེལ་ཁྱབ་བསྒྲགས་བྱས་ན་ནི་ངེས་པར་དུ་མ་མཐའི་ཆ་རྐྱེན་གཙོ་ཤོས་ཏེ། དང་པོ་རང་གཞུང་དང་རང་གི་རིག་གནས་གང་ཡིན་ཡང་དེའི་ཐ་སྙད་མི་རིགས་སུ་དང་གང་གི་སྐད་ཡིག་ཐོག་ཏུ་བཀོད་ཚེ་གཅིག་གྱུར་གྱི་ཐ་སྙད་ཅིག་ཡོད་དགོས་པ་དང་། གལ་ཏེ་བོན་གྱི་ཐ་སྙད་གང་ཞིག་གཅིག་གྱུར་གྱི་ལམ་ནས་བྲི་ཚུལ་གྱི་ལམ་ཀ་བརྟན་འཇགས་ཤིག་བཟོ་མ་ཐུབ་པར། རང་རང་སོ་སོས་ལག་ལ་གང་ཡོང་དང་། སེམས་ལ་གང་དྲན་ལྟ་བུའི་ལམ་ནས་བོན་གྱི་ཐ་སྙད་མང་པོ་མི་རིགས་གཞན་གྱི་སྐད་ཡིག་ཐོག་ཏུ་ཕབ་བསྒྱུར་གནང་ན་ནི་ཕན་པ་ལས་གནོད་པ་ཆེ་བ་དང་། དགེ་མཚན་ལས་ཞན་ཆ་ཆེ་བ་སོགས་ཀྱི་རྒྱུ་རྐྱེན་མང་པོ་ཞིག་གིས་སྣེ་ཁྲིད་དེ། འདི་འདྲའི་ཚོགས་པ་ཞིག་གསར་དུ་བཙུགས་ཤིང་། འདི་འདྲའི་གྲོས་ཚོགས་ཤིག་མཉམ་དུ་བསྡུས་ཏེ་ད་ཕན་བོན་གྱི་ཐ་སྙད་མང་ཙམ་ཞིག་རྒྱའི་སྐད་ཡིག་ཐོག་ཏུ་ཕབ་བསྒྱུར་བྱས་དང་བྱེད་ཀྱིན་ཡོད་པའི་གྲུབ་འབྲས་ནི་བཤད་མ་དགོས་པར་བཤམས་ནས་ཡོད་པ་ཞིག་དང་། བསྟན་མི་དགོས་པར་མཐོང་དུ་ཡོད་པ་ཞིག་ཀྱང་ཡིན་ཙ་ན། བོན་ལ་ཤ་ཞེན་ཆེ་ཞིང་གཤེན་ལ་བརྩི་བཀུར་མཐོ་བའི་བོན་གྱི་ཤེས་ལྡན་མི་སྣ་མང་པོས་ལོ་ལྟར་འདི་འདྲའི་ཚོགས་པ་འདིའི་རྒྱུན་མུ་ནས་མུ་མཐུད་དུ་བསྐྱངས་དང་སྐྱོང་བཞིན་ཡོད།


བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གྲོས་ཚོགས་ཐེངས་བཞི་བ་ཁྲུན་ཏུའུ་རུ་བསྡུས་པ།

  ཡིག་བསྒྱུར་ཚོགས་པ་འདི་ད་ཕན་ཐེངས་བཞི་ལ་འཚོགས་ཤིང་། ཐེངས་གསུམ་པ་ནས་བཟུང་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་ལོ་ལྟར་འདི་བཞིན་འཚོགས་རྒྱུར་གཏན་ཁེལ་བྱས་ཏེ་འཚོགས་དང་ཚོགས་བཞིན་ཡོད།ད་ལོ་ཡང་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བོན་མཁར་ཚང་བསྐལ་བཟང་རིན་ཆེན་ལགས་དང་། རྔ་བ་སྣང་ཞིག་དགོན་ཆེན་གྱི་ནང་ཆེན་ཆེ་བ་དྲུག་གི་ཡ་གྱལ་པཎ་ཙ་སྤྲུལ་སྐུ་བསྟན་འཛིན་དར་རྒྱས་ལགས་རྣམ་པ་གཉིས་ཀྱི་དབུ་ཁྲིད་འོག་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བོན་གྱི་བླ་སྤྲུལ་དགེ་བཤེས་གྲྭ་བཙུན་མང་པོ་དང་། སྤྱི་ཚོགས་ལས་རིགས་ཁག་གི་ཡིག་བསྒྱུར་ཆེད་མཁས་པའི་དགེ་རྒན་དང་སློབ་མ་མང་པོ་དུས་གཅིག་ཏུ་འཚོགས་ཏེ་དུས་ཡུན་ཉིན་བཞིའི་རིང་ལ་གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོའི་མཚན་བྱང་ཡོངས་རྫོགས་རྒྱ་ཡིག་ཐོག་ཏུ་བྲི་བར་གྲོས་གཞི་གཏན་འབེབ་བྱས་ཏེ་རྩོད་མེད་ཡོངས་གྲགས་ཀྱི་ཕྱོགས་ནས་ཕབ་བསྒྱུར་གནང་ཡོད་ལ། འདི་འདྲའི་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ཏེ་བསྟན་པའི་ལས་དོན་ལ་ཞབས་ཕྱི་རབ་དང་རིམ་གྱིས་བསྒྲུབས་དང་སྒྲུབ་བཞིན་ཡོད་པའི་ཡིག་བསྒྱུར་ཆེད་མཁས་ཀྱི་སྐྱ་སེར་མི་སྣ་རྣམ་པ་དང་། དཔལ་འབྱོར་རམ་འདེགས་ཀྱི་མཐུན་རྐྱེན་གནང་བའི་བླ་སྤྲུལ་དགེ་བཤེས་རྣམ་པ། མདོར་ན་ཞྭ་དཀར་བསྟན་པའི་ལས་དོན་ལ་ནམ་ཡང་ཐུགས་སེམས་གཙང་དག་ཡིན་པའི་འདིར་ཕེབས་གཡུང་དྲུང་སྤུན་གྲོགས་རྣམ་པ་དང་། ས་ཕྱོགས་གང་ན་བཞུགས་ཀྱང་རང་བསྟན་གྲུབ་མཐའི་ལ་རྒྱ་ཐུགས་ཀྱི་ཟབ་ས་རུ་ཉར་བའི་གྲོགས་པོ་རྣམས་ཀྱི་ཐུགས་བཞེད་ཡིད་སྨོན་དུ་འགྲུབ་ཅིང་སྐུ་འཚོ་ཡུན་དུ་བརྟན་ཏེ། རྒྱ་བོད་སྐད་ཡིག་མཁྱེན་ལྡན་ཚང་མས་འདི་ནས་གྲོས་གཞི་གཏན་ཕབ་བྱས་ཟིན་ལྟར། རྗེས་སུ་དེ་བཞིན་དུ་ལག་ལེན་ལ་འདེབས་ཐུབ་པར་སྙིང་ནས་འབོད་བསྐུལ་ཞུ་བ་བཅས་ཐེངས་འདིའི་ཡིག་བསྒྱུར་ཚོགས་འདུའི་གནས་ཚུལ་མཚོན་ཙམ་སྦྱར་བ་དགེའོ།།


འབྲེལ་ཡོད་འོས་སྦྱོར།