སྤོས་ལྡན་གྲོང་དུ་བོད་ཡུལ་སློབ་གསོ་གླེང་སྟེགས་ཀྱི་དབུ་ཚུགས་པ།

སྤོས་ལྡན་གྲོང་དུ་བོད་ཡུལ་སློབ་གསོ་གླེང་སྟེགས་ཀྱི་དབུ་ཚུགས་པ།
སྤྱི་ཟླ12པའི་ཚེས28ཉིན། རྒྱ་ནག་གྲོང་ཁྱེར་སྤོས་ལྡན་དུ(ཁྲིན་ཏུའུ) རྔ་བ་ཁུལ་རྒྱལ་མཚན་སློབ་གསོ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པའི་བོད་ཡུལ་སློབ་གསོའི་གླེང་སྟེགས་གཟབ་རྒྱས་ངང་ཚོགས་མགོ་ཚུགས།
རྔ་བ་ཁུལ་རྒྱལ་མཚན་སློབ་གསོ་ཞིབ་འཇུག་ལྟེ་གནས་ནི་རྔ་བ་ཁུལ་གྱི་སློབ་གསོའི་ཆེད་མཁས་པ་ས་ཡུལ་ཁྲོ་བོ་རྒྱལ་མཚན་གྱིས་རེ་ཞུ་བྱས་པ་ལྟར་གོང་རིམ་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་པའི་བོད་ཡུལ་སློབ་གསོའི་གནད་དོན་ཞིབ་འཇུག་གཙོ་བོར་བཟུང་བའི་རྩ་འཛུགས་ཤིག་ཡིན་ལ། ད་ལོ་ནས་ལོ་རེར་རྒྱལ་མཚན་སློབ་གསོ་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ཡུལ་སློབ་གསོའི་གླེང་སྟེགས་རེ་སྤེལ་རྒྱུ་ཡིན་ཞེས་བྱ་བཞག་འདི་སྒྲུབ་མཁན་ཁྲོ་བོ་རྒྱལ་མཚན་གྱིས་ཚོགས་ཐོག་ཏུ་དངོས་སུ་གསུངས།
བོད་ཡུལ་སློབ་གསོའི་གླེང་སྟེགས་འདིར་ཕེབས་པའི་ཆེད་མཁས་ལ། ཀྲུའུ་ཞི་ཡང་གླིང་རྡོ་རྗེ་དང་། རྔ་བ་ཁུལ་གྱི་སློབ་གསོའི་ཆེད་མཁས་པ་ས་ཡུལ་ཁྲོ་བོ་རྒྱལ་མཚན། ལྗོངས་ལྔའི་ལས་ཁུངས་ཀྱི་ཀྲུའུ་རིན་ལྕགས་ཐར། བོད་ལྗོངས་བསླབ་གཞི་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་བསོད་ནམས་བསྟན་འཛིན་སོགས་བོད་ཡུལ་སློབ་གསོའི་ཡུལ་གྲུ་སོ་སོ་ནས་ཕེབས་པའི་ཆེད་མཁས་དང་དགེ་རྒན། གཞན་ཡང་བོད་ཁུལ་སློབ་གྲྭ་སོ་སོ་ནས་ཕེབས་པའི་སློབ་གསོའི་ལས་ཀ་པ100ལྷག་ཚོགས་སུ་ཞུགས་ཡོད། གཞན་ཡང་བྱ་བའི་དབང་གིས་གླེང་སྟེགས་འདིར་ཞུགས་མ་ཐུབ་པའི་ཆེད་མཁས་པ་འཕྲིན་ལས་ཆོས་གྲགས་དང་། སྡེ་རོང་ཚེ་རིང་དོན་གྲུབ་སོགས་ཀྱིས་རྟེན་འབྲེལ་ཞུ་ཡིག་བསྐུར་ཡོད།

ཚོགས་ཐོག་ཏུ། ཀྲུའུ་ཞི་ཡང་གླིང་རྡོ་རྗེས་རྔ་བ་ཁུལ་རྒྱལ་མཚན་སློབ་གསོ་ཞིབ་འཇུག་ལྟེ་གནས་ཀྱི་མིང་བྱང་གནང་ཞིང་། ཁྲོ་བོ་རྒྱལ་མཚན་གྱིས་ཞིབ་འཇུག་ལྟེ་གནས་ཀྱི་བརྗོད་གཞི་དང་སྦྲེལ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྐད་གཉིས་སློབ་གསོའི་རིག་པ་དང་ལག་ལེན་ཞེས་པའི་འཆད་ཁྲིད་སྤེལ་བ་ནས་བོད་ཁུལ་སློབ་གསོའི་བྱ་བཞག་སྟེང་ནས་ཕེབས་པའི་ཆེད་མཁས་པ་ཚོས་ཕྱོགས་སྣ་མང་ནས་འཆད་ཁྲིད་བྱེད་རྒྱུའི་གྲ་སྒྲིག་འདུག
བོད་ཡུལ་སློབ་གསོའི་གླེང་སྟེགས་འདི་ཚེས28ཉིན་ནས་མགོ་བརྩམས་ཏེ་ཚེས31བར་གྱི་ཉིན་གསུམ་རིང་ལ་བོད་ཞིང་ལྗོངས་ལྔའི་ཆེད་མཁས་པ་སོ་སོས་འཆད་ཁྲིད་ཀྱི་རྣམ་པས་བསམ་བློ་བརྗེ་རེས་དང་། གནད་དོན་ཞིབ་འཇུག་བྱེད་རྒྱུ་རེད།
འདི་ནི་དུས་སྐབས་གསར་བའི་ནང་དུ། བོད་ཀྱི་རིག་གནས་སློབ་གསོ་འཛུགས་སྐྲུན་གྱི་རླབས་ཆེན་བྱ་བཞག་གལ་ཆེན་ཞིག་ཡིན་པས། རིག་གཞུང་དང་ཉམས་མྱོང་། ལག་ལེན་བཅས་ཀྱིས་ཕྱུག་པའི་བོད་ཡུལ་སློབ་གསོའི་ལས་ཀ་པ་རྣམས་ལོ་རྗེས་མའི་བོད་ཡུལ་སློབ་གསོའི་གླེང་སྟེགས་སུ་ཞུགས་པར་དགའ་བསུ་ཞུ།
