སློབ་གསོ་གོང་སྤེལ་གྱི་ལས་ལ་འབད་བཞིན་པའི་རྨ་ཆུ་རྫོང་ཆུ་ཁ་མའི་སློབ་གསོ་རོགས་སྐྱོར་ཚོགས་པ།

རྒྱུགས་འབྲས་བཟང་བའི་སློབ་མ་རྣམས་ལ་བྱ་དགའ་གནང་བ།
ཆུ་ཁ་མའི་སློབ་གསོ་རོགས་སྐྱོར་ཚོགས་པ་དེ་ད་ལོའི་ཟླ8པའི་ཚེས13ཉིན་བཙུགས་པ།
རྨ་སྡེ་ཆུ་ཁ་མ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་ཁོངས་སུ་གཏོགས་ཞིང་། རྫོང་མཁར་གྱི་ལྷོ་ཕྱོགས་ཀྱི་མཐའ་མཚམས་སུ་ཡོད་པ་དང་། སི་ཁྲོན་ཞིང་ཆེན་རྔ་བ་བོད་ཆཱང་རིགས་རང་སྐྱོང་ཁུལ་་དང་འབྲེལ་ཡོད། ལོ་མང་པོའི་རིང་ལ་ཡུལ་དེའི་འགྲིམ་འགྲུལ་སྐྱེལ་འདྲེན་སྟབས་མི་བདེ་བས་ས་ཕྱོགས་དེའི་རིག་གནས་སློབ་གསོ་དང་། དཔལ་འབྱོར་འཕེལ་རྒྱས་སོགས་ཆ་ཀུན་ནས་ས་ཆ་གཞན་དང་བསྡུར་ན་ཅུང་ཙམ་རྗེས་སུ་ལུས་ཡོད། ས་གནས་ཀྱི་སློབ་ཕྲུག་མང་ཙམ་སློབ་ཆེན་ལ་འགྲོ་བའི་ཆ་རྐྱེན་མི་འཛོམས་པར་རང་ཁྱིམ་དུ་ལྷག་ཡོད་པ་དང་། སློབ་མར་སློབ་སྦྱོང་གི་སེམས་ཤུགས་མེད་པས་མང་ཚོགས་ཀྱིས་སློབ་གསོ་བྱ་བར་མཐོང་ཆེན་བྱེད་པར་གནོད་རྐྱེན་ཧ་ཅང་ཆེན་པོ་ཐེབས་བཞིན་ཡོད། དེ་བས། སློབ་མས་སློབ་སྦྱོང་བཟང་བོ་བྱེད་པའི་སྐུལ་འདེབས་དང་། རྒྱ་ཆེའི་འབྲོག་དམངས་ལ་སློབ་གསོའི་བྱ་བར་མཐོང་ཆེན་བྱས་ཏེ་བུ་རྒྱུད་སློབ་གྲྭར་བསྐྱལ་ནས་སྐྱེད་སྲིང་བྱེད་པ་བརྒྱུད་ནས་མི་རིགས་ཡོངས་ཀྱི་རིག་གནས་ཆུ་ཚད་མཐོར་འདེགས་གཏོང་དགོས་པའི་སློབ་གསོ་དང་འབོད་སྐུལ་བྱེད་ཆེད་དུ། ཆུ་ཁ་མའི་ཁོངས་གཏོགས་ཀྱི་སློབ་གསོའི་ལས་ཀར་ཞུགས་ཤིང་། སློབ་གསོ་བྱ་བར་ལྷག་བསམ་ཆེ་བའི་ལས་བཟོ་བ་ཀུན་གྱིས་རང་གི་ཟླ་ཕོགས་ལས་མ་དངུལ་ཙམ་བསྡུས།
2013ལོའི་ཟླ8པའི་ཚེས13ཉིན། སྲིད་གཞུང་གིས་ཆོག་མཆན་གནང་བ་ལྟར་དགེ་རྩའི་རང་བཞིན་ལྡན་པའི་དམངས་ཁྲོད་ཀྱི་ཚོགས་པའམ་རྩ་འཛུགས་ཏེ་ཆུ་ཁ་མའི་སློབ་གསོ་རོགས་སྐྱོར་ཚོགས་པ་དངོས་སུ་བཙུགས། ཚོགས་པས་རང་ནུས་ཅི་ཡོད་ཀྱིས་སློབ་སྦྱོང་བཟང་བའི་སློབ་མར་བྱ་དགའ་གནང་བ་དང་། དཀའ་ཁག་ཅན་གྱི་སློབ་མར་རོགས་སྐྱོར་བྱེད་པ་སོགས་བརྒྱུད་ནས་ཡུལ་དེ་གའི་སློབ་གསོའི་བྱ་བར་རོགས་སྐྱོར་བྱེད་བཞིན་ཡོད་པ་རེད།
