བཞག་པ་རིན་པོ་ཆེ་ལགས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་ནང་བསྟན་རིག་གནས་སྐོར་ཀྱི་འཆད་ཁྲིད་གནང་བ།

བཞག་པ་རིན་པོ་ཆེ་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།
ཟླ11པའི་ཚེས11ཉིན་གྱི་ཕྱི་དྲོ། མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སྐབས་དང་པོའི་བོད་ཀྱི་རིག་གནས་དུས་ཆེན་ལས་བོད་ཀྱི་ཤེས་རིག་གླེང་སྟེགས་ཞེས་པ་དེ་བྱང་གླིང་འཁྲབ་སྟོན་ཁང་དུ་ཚོགས། ཐེངས་འདིའི་གླེང་སྟེགས་སུ་བཞག་པ་རིན་པོ་ཆེ་ལགས་ཆེད་དུ་གདན་འདྲེན་ཞུས་ནས་བོད་རྒྱ་གཉིས་ཀྱི་ནང་བསྟན་རིག་གནས་གནས་སྐོར་ཀྱི་འཆད་ཁྲིད་གནང་།
བཞག་པ་སྐུ་ཕྲེང་བཞི་བ་ཆོས་རྗེ་དགེ་ལེགས་མཁས་གྲུབ་འཇམ་དཔལ་རྒྱ་མཚོ་ལགས་ནི1968ལོའི་ཟླ10པའི་ཚེས6ཉིན་ཁམས་ལི་ཐང་ནས་སྐུ་འཁྲུངས་ཤིང་། སྔ་རྗེས་སུ་དགོན་སྡེ་སེ་འབྲས་དགའ་གསུམ་དང་། གཙང་བཀྲ་ཤིས་ལྷུན་པོ། སྐུ་འབུམ། བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་སློབ་གཉེར་བྱས་མྱོང་། 2003ལོར་པེ་ཅིན་སློབ་ཆེན་གྱི་གཏན་ཚིགས་རིག་པའི་སློབ་གླིང་ནས་ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན། ད་སྔར་ལི་ཐང་དང་ཧྲིན་དབྱང་། ཏཱ་ཆིན་བཅས་ཀྱི་དགོན་པ་གསུམ་ན་ཆོས་འཆད་སྔོག་སྒྱུར་ལ་འབད་བཞིན་མངའ་ལ་སི་ཁྲོན་ཞིང་ཆེན་གྱི་ཆོས་ལུགས་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོའི་ཆོས་ལུགས་མཐུན་ཚོགས་ཀྱི་གཙོ་འཛིན། ལི་ཐང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་ཚོགས་པའི་ཚོགས་མིའི་འགན་གཅིག་ལྕོག་ཏུ་བཞེས་ཡོད།

དགེ་སློབ་ལྷན་རྒྱས་ཀྱིས་འཆད་ཁྲིད་ལ་ཉན་བཞིན་པ།
ཐེངས་འདིའི་འཆད་ཁྲིད་སྟེང་བཞག་པ་རིན་པོ་ཆེས་རྒྱ་བོད་གཉིས་ཀྱི་ནང་བསྟན་རིག་གནས་ཀྱི་གནས་བབ་དང་། ནང་བསྟན་རིག་གནས་ཀྱི་གལ་ཆེན་རང་བཞིན། ནང་བསྟན་རིག་གནས་ནི་རིག་པ་ཀུན་གྱི་རྨང་གཞི་ཡིན་པའི་ཚུལ། ནང་བསྟན་རིག་གནས་ཀྱི་ལོ་རྒྱུས། གཞན་ནང་བསྟན་རིག་གནས་ཀྱི་གཏམ་རྒྱུད་མང་པོ་རིན་པོ་ཆེ་ཁོང་གི་ལྟ་བ་དང་སྦྲགས་ནས་དུས་ཚོད་གཉིས་ལྷག་ལ་འཆད་ཁྲིད་གནང་བ་རེད།
