《བཀའ་བསྟན》གྱི་གློག་རྡུལ་རིག་མཛོད་འཛུགས་སྐྲུན་ལ་སློབ་གསོ་པུའི་དཔྱད་གཞི་གཙོ་ཆེའི་གནད་སྒྲོལ་ལས་གཞི་ཐོབ།

《<བཀའ་བསྟན>གྱི་པར་གཞི་བཅུའི་གློག་རྡུལ་རིག་མཛོད་འཛུགས་སྐྲུན་དང་དེའི་ཞིབ་འཇུག》ཅེས་པའི་འགོ་རྩོམ་མཐའ་དཔྱོད་ཚོགས་འདུའི་ཡུལ་དངོས།
2013ལོའི་ཟླ10པར་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་ལྷ་ལགས་དབུ་བཞུགས་ཆེད་མཁས་སུ་བྱས་ནས་དམིགས་འཇོག་བྱས་པའི《<བཀའ་བསྟན>གྱི་པར་གཞི་བཅུའི་གློག་རྡུལ་རིག་མཛོད་འཛུགས་སྐྲུན་དང་དེའི་ཞིབ་འཇུག》ཅེས་པར2013ལོའི་སློབ་གསོ་པུའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་དཔྱད་གཞི་གཙོ་ཆེའི་གནད་སྒྲོལ་ལས་གཞི་ཐོབ་པ་རེད།
ཟླ10པའི་ཚེས30ཉིན། 2013ལོའི་སློབ་གསོ་པུའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་དཔྱད་གཞི་གཙོ་ཆེའི་གནད་སྒྲོལ་ལས་གཞི་སྟེ《<བཀའ་བསྟན>གྱི་པར་གཞི་བཅུའི་གློག་རྡུལ་རིག་མཛོད་འཛུགས་སྐྲུན་དང་དེའི་ཞིབ་འཇུག》ཅེས་པའི་འགོ་རྩོམ་མཐའ་དཔྱོད་ཚོགས་འདུ་དེ་ནུབ་བྱང་མི་རིགས་སློབ་ཆེན་དུ་བསྡུས་པ་རེད། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཆེད་མཁས་གྲགས་ཅན་ནམ་འབུམ་རམས་པའི་དགེ་རྒན་དོར་ཞི་ལགས། ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་དགེ་རྒན་དགེ་འདུན་བསམ་གཏན་ལགས་སོགས་འགོ་རྩོམ་མཐའ་དཔྱོད་ཚོགས་འདུར་ཞུགས་པ་རེད།

ཚོགས་ཞུགས་ཆེད་མཁས་རྣམས་མཉམ་དུ་པར་བསྐྱོན་པ།
ཚོགས་ཞུགས་ཀྱི་ཆེད་མཁས་རྣམས་ཀྱིས་ལས་གཞིའི་འཐབ་ཇུས་དོན་སྙིང་དང་། བོད་ཡིག་གི《བཀའ་བསྟན》གྱི་རིག་གཞུང་རིན་ཐང་དང་གྲངས་འཛིན་ཅན་དུ་བསྒྱུར་པའི་དོན་དངོས་ཀྱི་དོན་སྙིང་བཅས་ལ་གདེང་འཇོག་མཐོན་པོ་གནང་བའི་ཁར། པར་གཞིའི་འདེམ་གསེས་དང་རིག་གནས་རྒྱུན་འཛིན། གྲངས་འཛིན་ཅན་དུ་བསྒྱུར་པའི་རྒྱལ་སྤྱིའི་ཚད་གཞི་དང་ཐོན་ཁུངས་མཉམ་སྤྱོད་སོགས་ལ་གྲོས་ཞིབ་གཏིང་ཟབ་བྱས་པར་མ་ཟད། ལག་ལེན་རང་བཞིན་ལྡན་པའི་བླངས་བྱ་དང་རེ་བ་བཏོན་པ་རེད།
