“ཉི་འོད་འོག་གི་འཚར་ལོངས”ཞེས་པའི་ཁྲི་ཀ་རྫོང་སློབ་གསོའི་སྡེ་ཁག་གི་སྟོན་ཁའི་ལུས་རྩལ་འགྲན་ཚོགས།

སྟག་མོའི་སྤར་འཛིན་ལྟ་བུའི་ལྒང་རྒྱག་པའི་མཉེན་རྩལ།
ཉེ་ལམ། སློབ་གསོའི་ཇུས་ཆེན་ལག་བསྟར་དང་ཕྱོགས་ཡོངས་ཀྱི་སྤུས་ཚད་སློབ་གསོ་ལེགས་སྤེལ་བྱེད་པ། གོམ་གང་མདུན་སྤོས་སྒོས་སློབ་རའི་ལུས་རྩལ་བྱ་བར་ཤུགས་སྣོན་པའི་སྤྱོད་བཟང་ལག་ལེན་རྒྱུན་སྤེལ་བྱེད་པ། ཆེད་དུ་ན་གཞོན་སློབ་བུ་དག་གི་ཀུན་སྤྱོད་དང་། བློ་རིག ལུས་པོ། མཛེས་རྟོག་བཅས་ཕྱོགས་ཡོངས་མཐོར་འདེགས་གཏོང་ཆེད། ཁྲི་ཀ་རྫོང་ཡོངས་ཀྱི་སློབ་འབྲིང་སློབ་གྲྭ4ལྷག་གི་ལས་བཟོ་བ་དང་སློབ་མ་ཡོངས་འདུས་པའི་སློབ་གསོའི་སྡེ་ཁག་ཏུ་ཉི་འོད་འོག་གི་འཚར་ལོངས་ཞེས་པའི་སྟོན་ཁའི་ལུས་རྩལ་འགྲན་ཚོགས་ཀྱི་བྱ་འགུལ་ཞིག་སྤེལ་མགོ་བརྩམས་པ་རེད།
ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ལ་དགེ་རྒན་སྐོར་ལས་སྐྱེས་པ་དང་སྐྱེས་མ་རུ་ཁག་གཉིས་ནས་གཟེབ་གྲུག་འགྲན་བསྡུར་དང་། སློབ་མའི་སྐོར་ལས་ཕོ་མོ་རུ་ཁག་གཉིས་ནས་གཟེབ་གྲུག་འགྲན་བསྡུར། གཞན་ཐག་འཐེན་འགྲན་བསྡུར་དང་རྐང་རྒྱུག་འགྲན་བསྡུར། ཡིག་གཟུགས་དང་རི་མོ་སོགས་ཀྱི་འགྲན་བསྡུར་རྣམ་གྲངས་ཀྱང་ཡོད་པ་རེད། ཐོག་མའི་འགྲན་བསྡུར་ཟླ་འདིའི་ཚེས22ནས་མགོ་བརྩམས།

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མའི་གཟེབ་གྲུག་རུ་ཁག
ཚེ་སྲོག་ལ་གཅེས་འདོད་ན་ལུས་ཕུང་སྦྱོང་བརྡར་བྱེད་དགོས་ཞེས་པའི་འདུ་ཤེས་བརྟན་ཆགས་དང་། ལུས་རྩལ་གཉིས་དང་སློབ་ཐུན་གཉིས། བྱ་འགུལ་གཅིག་གི་རྨང་གཞིའི་སྟེང་། ཧུར་ཐག་འབད་ཐག་སྒོས་ལོ་འདི་འགའི་རིང་སློབ་རའི་རིག་གནས་མཁའ་དབུགས་གསར་བ་བསྐྲུན་པ་དང་། ལང་ཚོའི་སྟོབས་འབར་ཞིང་ཡར་སྐྱེད་ཀྱི་རྣམ་པས་ཁེངས་པ། འཆམ་མཐུན་གྱི་སློབ་རའི་སྣང་བརྙན་ལེགས་བཟོ་བྱེད་པར་བརྩོན་པ་བསྐྱེད་པས་རེབ་འདིའི་ཐོག་མའི་འགྲན་བསྡུར་ཏེ། ཁྲི་ཀ་རྫོང་གི་སློབ་འབྲིང་བཞི་ཡི་ཕོ་མོའི་རུ་ཁག་གཉིས་རེ་བྱས་ཏེ་རུ་ཁག་བརྒྱད་འདུས་པའི་ཁྲོད་ཀྱི་སློབ་མའི་སྐོར་གྱི་གཟེབ་གྲུག་འགྲན་བསྡུར་ལས་སྐྱེས་པའི་རུ་ཁག་གིས་འགྲན་ཡ་དང་སྐར20ཡི་བར་ཁྱད་ཆེན་པོ་བཞག་ནས་ཨང་དང་པོའི་བྱ་དགའི་རྟགས་མ་བླངས་པ་དང་སྐྱེས་མའི་རུ་ཁག་གིས་ཨང་གཉིས་པའི་བྱ་དགའ་བླངས། འདི་ནི་མཚོ་ལྷོ་ཁུལ་གྱི་སློབ་གསོ་བཅོས་བསྒྱུར་བྱས་ཚུན་ནས་སློབ་མ་རུ་ཁག་གིས་རེབ་ཐེངས་གཉིས་པར་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ཡིན་ལ། རྒྱལ་ཁའི་རྟགས་མ་འདིས་རྗེས་ཕྱོགས་སུ་སློབ་མ་རྣམས་བདེ་ཐང་དང་ཕུགས་འདུན་གསལ་བའི་འོད་གསལ་ལམ་ཆེན་སྟེང་བསྐྱོད་པར་སྐུལ་ལྕག་དང་ལམ་སྣེ་ཡག་པོ་ཞིག་ཁྲིད་ཡོད་པ་རེད།
