logo

འབུམ་རམས་པ་ཡུལ་ལྷ་ཐར་ལགས2013ལོའི་དུས་རབས་གསར་པའི་ཕུལ་བྱུང་འཇོན་མིའི་རྒྱབ་སྐྱོར་འཆར་གཞི་ཞེས་པར་བདམས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-16 ཀློག་གྲངས།:

青海师大藏文系叶拉太博士入选2013“新世纪优秀人才支持计划”
འབུམ་རམས་པ་རྨེ་རུ་ཡུལ་ལྷ་ཐར་ལགས།

  ཉེ་ཆར། སློབ་གསོ་པུའུ་ཡིས2013ལོའི་དུས་རབས་གསར་པའི་ཕུལ་བྱུང་འཇོན་མིའི་རྒྱབ་སྐྱོར་འཆར་གཞི་ཞེས་པའི་བདམས་ཐོན་པ་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་བོད་ཡིག་སྡེ་ཁག་གི་འབུམ་རམས་པ་ཡུལ་ལྷ་ཐར་ལགས་དེའི་ཁྲོད་བདམས་པ་རེད།
  དུས་རབས་གསར་པའི་ཕུལ་བྱུང་འཇོན་མིའི་རྒྱབ་སྐྱོར་འཆར་གཞི་ནི་སློབ་གསོ་པུའི“མཐོ་རིམ་གྱི་གསར་བསྐྲུན་རང་བཞིན་གྱི་འཇོན་མིའི་འཆར་གཞི”ཞིག་ཡིན་ཞིང་། མཐོ་རིམ་སློབ་གྲྭའི་རིག་གཞུང་གི་ཕུལ་དུ་བྱུང་བའི་ན་གཞོན་སྣེ་ཁྲིད་པའི་རྒྱབ་སྐྱོར་འཆར་གཞི་ཞིག་ཡིན་པ་རེད། དེ་ནི་སྔོན་མའི“མཐོ་རིམ་སློབ་གྲྭའི་ན་གཞོན་དགེ་རྒན་གྱི་བྱ་དགའ”དང་། “དུས་རབས་བརྒལ་བའི་ཕུལ་བྱུང་འཇོན་མི་སྐྱེད་སྲིང་གི་འཆར་གཞི”། “ཕུལ་དུ་བྱུང་བའི་ན་གཞོན་དགེ་རྒན་གྱི་རོགས་སྐྱོར་འཆར་གཞི”། “མཐོ་རིམ་སློབ་གྲྭའི་རྐང་འཛིན་དགེ་རྒན་གྱི་རོགས་སྐྱོར་འཆར་གཞི”བཅས་འཇོན་མིའི་འཆར་གཞི་རིགས་བཞི་གཅིག་ཏུ་བསྡུས་པ་ཞིག་རེད།
  འབུམ་རམས་པ་ཡུལ་ལྷ་ཐར་ལགས་ནི་སྤྱི་ལོ1979ལོར་མཚོ་སྔོན་གཅན་ཚ་རུ་སྐྱེས་པ་དང་། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་ཡིག་སྡེ་ཁག་དང་། མི་ཆོས་སློབ་གླིང་གི་མདོ་དབུས་མཐོ་སྒང་གི་མི་རིགས་ཆོས་ལུགས་དང་སྤྱི་ཚོགས་ལོ་རྒྱུས་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་ཡིན་ལ། ཀྲུང་གོའི་མི་རིགས་ལོ་རྒྱུས་རིག་པའི་སློབ་ཚོགས་ཀྱི་ཁོངས་མི་དང་། ཀྲུང་གོའི་མི་རིགས་ཀྱི་གནའི་ཡིག་རིགས་ཞིབ་འཇུག་ཚོགས་པའི་ཁོངས་མི། ཀྲུང་གོའི་ཐུའུ་ལུ་ཧྥན་ལྷན་ཚོགས་གྲངས་ཉུང་མི་རིགས་སྐད་ཡིག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས།    མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དང་།   ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་གླིང་།  ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་སོགས་ནས་སློབ་མཐར་ཕྱིན་པ་དང་།  ལོ་ངོ་མང་པོའི་རིང་ལ་བོད་ཀྱི་ལོ་རྒྱུས་ཀྱི་སློབ་ཁྲིད་དང་ཞིབ་འཇུག་བྱ་བར་ཞུགས་པ་དང་དཔྱད་འབྲས་ཀྱང་འབུར་དུ་ཐོན་པ་བླངས་ཡོད་པ་སྟེ། 《ཀྲུང་གོའི་བོད་རིག་པ》དང《བསམ་བློའི་འཐབ་ཕྱོགས》སོགས་སུ་བོད་རྒྱ་གཉིས་ཀྱི་ལམ་ནས་རིག་གཞུང་དཔྱད་རྩོམ50ལྷག་དང་རིག་གཞུང་ཆེད་རྩོམ2སྤེལ་ཞིང་།  མི་གཞན་དང་མཉམ་དུ《ཧྥ་རན་སིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་པའི་ཏུན་ཧོང་བོད་ཡིག་ཡིག་ཆ》པོད12རྩོམ་སྒྲིག་བྱས། དེར་མ་ཟད་རྩོམ་རིག་བརྩམས་ཆོས60ལྷག་སྤེལ་པ་རེད། མིག་སྔར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་ཞིག་དང་རྒྱལ་ཁབ་ཀྱི་འབུམ་རམས་ཕྱི་ཚར་གྱི་ཐེབས་རྩའི་ལས་གཞི་རིགས2ལ་འགོ་འཛིན་མཛད་ཀྱིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།