logo

ཐེངས་གསུམ་པའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་འགྲེམ་ཚོགས་ཀྱི་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-29 ཀློག་གྲངས།:

第三届西藏唐卡艺术展览技艺大赛
ཐེངས་གསུམ་པའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་འགྲེམ་ཚོགས་ཀྱི་འགྲན་བསྡུར་སྤེལ་བ།

བོད་ལྗོངས་ཐང་གའི་ལྷ་རིས་པའི་གོ་མིང་ལག་འཁྱེར།

  ཟླ8པའི་ཚེས27ཉིན། ལྷ་སའི་ནོར་བུ་གླིང་གའི་རྒྱལ་དབང་ལྔ་པའི་གཟིམ་ཁང་ཁམས་གསུམ་ཟིལ་གནོན་ཕོ་བྲང་དུ་བོད་ཀྱི་ལྷ་རིས་པ་དག་ལ་ཡིག་ཚད་རྒྱུགས་འཕྲོད་ཀྱི་བྱ་དགའ་རིམ་པ་དང་པོ་བརྒྱད་དང་། གཉིས་པ་དགུ། གསུམ་པ་དགུ། བསྡོམས་པས་ལྷ་རིས་པ་ཉི་ཤུ་རྩ་དྲུག་བདམས་ཐོན་བྱུང་སྟེ། བོད་ལྗོངས་རིག་གནས་ཐིང་དང་དེ་དང་འབྲེལ་ཡོད་ཀྱི་ལས་ཁུངས་སྡེ་ཁག་ནས་མཚན་སྙན་དང་ལག་འཁྱེར་བཅས་སོ་སོར་སྤྲད་བྱུང་།
  དེ་ཡང་བྱ་བ་དང་དངོས་པོ་གང་ཞིག་ཡིན་རུང་། ཁ་དཔེར་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས། ཞེས་པ་ནང་གཞིན། དེ་ལ་ལེགས་ཉེས་ཀྱི་གོ་རིམ་མང་པོ་ལྡན་ཡོད་པ་ཆོས་ཉིད་ལྟར། ཐོག་མར་ཆ་མི་ཚང་བ་ནས་རིམ་བཞིན་འཐུས་ཚང་དང་། དང་པོ་དེ་ཙམ་སྟབས་མི་བདེ་བ་ནས་རིམ་བཞིན་སྟབས་བདེ་དང་བེད་སྤྱོད་སླ་རུ་འགྱུར་བ་ནི་དངོས་པོའི་ཆོས་ཉིད་དུ་གྲུབ། ད་རེས་ཀྱང་། དེ་སྔོན་གྱི་འགྲེམ་སྟོན་དང་མི་འདྲ་བའི་ཆ་ཡང་འགའ་མཆིས་པས་འདི་ཡང་འཕེལ་རྒྱས་ཤིག་ཡིན་པ་སྨོས་ཅི་དགོས། ད་རེས་བོད་ཀྱི་སྐབས་གསུམ་པའི་ཐང་གའི་འགྲན་སྡུར་འགྲན་ཚོགས་ཆེན་མོར་ཞུགས་མཁན་མདོ་དབུས་ཁམས་གསུམ་ནས་འདུས་ཡོད་ལ། ཚོགས་ཞུགས་མི་གྲངས་བརྒྱ་དང་ཉེར་ལྔ་ལྷག་འདུག


ཚོགས་ཞུགས་མི་སྣ་རྣམས་མཉམ་དུ་པར་བསྐྱོན་པ།

  དེ་སྔོན་གྱི་སྐབས་དང་པོ་དང་གཉིས་པ་ལས་མི་འདྲ་བའི་ཆ་གཉིས་མང་དུ་ཕྱིན་པ་རེད་ལ། ཐེངས་འདིའི་ལྷ་རིས་པའི་ཡིག་ཚད་དེ་ལ་གོ་རིམ་གསུམ་ངེས་པར་དུ་བརྒྱུད་དགོས་ཏེ། གཅིག ཐིག་རྩ་དང་སྐྱ་རིས་ལ་བྱང་པ། གཉིས། ཐང་གའི་ཚོན་མདངས་དང་གསེར་བྲིས་ལེགས་པ། གསུམ། སྲོལ་རྒྱུན་རི་མོའི་གཞུང་ལུགས་ལ་མཁྱེན་རྒྱ་ཡངས་པ་སོགས་རྩ་བའི་ཆ་རྐྱེན་འདི་གསུམ་ལྡན་ན་དེ་རེས་ཡིག་ཚད་ལ་ཞུགས་ཐུབ་པའི་ཆ་རྐྱེན་གཞི་ནས་ཚང་བར་བྱས་ཡོད་འདུག དེ་སྔོན་གྱི་འགྲན་བསྡུར་གཞན་གཉིས་ནི་གཙོ་བོ་རང་གིས་འཁྱེར་བའི་ཐང་ག་དེ་གཅིག་པུ་ལ་ཐད་ཀར་ཨང་གྲངས་བརྒྱབ་ནས་ལག་འཁྱེར་སྤྲད་པས། དེ་ཡི་ཕྱིར་ན། མི་འགའ་ཞིག་གིས་རང་གིས་མ་བྲིས་ཀྱང་གཞན་གྱི་རི་མོ་ལེགས་པོ་དེ་འདྲ་ཉོས་རྗེས་སུ་ཐང་གའི་འགྲན་སྟོན་བྱེད་སྒོ་སྤེལ་བའི་ས་ཆ་གང་སར་འཁྱེར་ནས་རང་གིས་བྲིས་མདོག་བྱས་རྗེས་རང་ལ་མིང་ཅུང་ཙམ་ཐོབ་པའི་རྨི་ལམ་གཏོང་མཁན་ཡང་བྱུང་ཡོད་པ་མཐོང་ཆོས་སུ་གྱུར་ཡོད། ད་རེས་ནི་དེ་ལས་ལྡོག་སྟེ་རང་གི་ཡིན་མདོག་དང་འཇོན་མདོག་བྱས་པའི་གནས་ཚུལ་དེ་དག་ཡོང་ཐབས་མེད་པ་བཟོས་འདུག་པའི་གནས་ཚུལ་འདི་སྔ་ན་མེད་པའི་དགེ་མཚན་ཞིག་ཏུ་མཐོང་ངོ་། །


འབྲེལ་ཡོད་འོས་སྦྱོར།