logo

ས་གྲུ་བཞི་ཁ་སྒང་ཞོལ་མའི་བོད་སྐད་ཡིག་གསབ་སྦྱོང་འཛིན་གྲྭ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-21 ཀློག་གྲངས།:


ས་གྲུ་བཞི་ཁ་སྒང་ཞོལ་མའི་བོད་སྐད་ཡིག་གསབ་སྦྱོང་འཛིན་གྲྭ་སྤེལ་བ།

        ཟླ8པའི་ཚེས20ཉིན། དུས་ཡུན་ཉིན20རིང་ཁ་སྒང་ཞོལ་མའི་སློབ་ཆུང་དུ་སྤེལ་བའི་ས་གྲུ་བཞི་ཡུལ་ཚོའི་ཁ་སྒང་ཞོལ་མའི་བོད་སྐད་ཡིག་གསབ་སྦྱོང་འཛིན་གྲྭ་བདེ་བླག་ངང་མཇུག་སྒྲིལ།

        དེ་ཡང་སྡེ་བའི་བྱིས་པ་རྣམས་ཀྱི་རྨང་གཞིའི་སློབ་གསོ་སྔར་ལས་མཐོར་འདེགས་སུ་གཏོང་བར། ལོ་རེའི་དབྱར་གནང་དང་དགུན་གནང་ཐོན་ལ་ཉེ་དུས། ཁ་སྒང་ཞོལ་མའི་སྡེ་མི་ཨུ་ཡོན་ལྷན་ཚོགས་དང་ལོ་ལོན་རྒན་པ་རྣམས་ཀྱིས་ཆེད་དུ་སྡེ་བའི་སློབ་ཆེན་སློབ་མ་རྩ་འཛུགས་སྒོས་ས་གྲུ་བཞི་ཁ་སྒང་ཞོལ་མའི་བོད་སྐད་ཡིག་གསབ་སྦྱོང་འཛིན་གྲྭ་སྤེལ་བ་རེད། ད་ལྟའི་བར་གསབ་སྦྱོང་འཛིན་སྐབས་བཞི་ལ་སྤེལ་ཟིན་ཞིང་། གཙོ་ཆེར་བོད་ཡིག་དང་རྒྱ་ཡིག   རྩིས་རིག་བཅས་སློབ་ཁྲིད་བྱེད་པ་ཡིན། ཐེངས་འདིའི་གསབ་སྦྱོང་འཛིན་གྲྭར་དགེ་རྒན7དང་སློབ་མ་ནི་སློབ་རིམ2པ་ནས་སློབ་རིམ7པའི་བར་གྱི་སློབ་ཆུང་སློབ་མ107འདུས།

ས་གྲུ་བཞི་ཁ་སྒང་ཞོལ་མའི་བོད་སྐད་ཡིག་གསབ་སྦྱོང་འཛིན་གྲྭ་སྤེལ་བ།
བྱ་དགའ་ཐོབ་པའི་སློབ་མ་རྣམས་མཉམ་དུ་པར་བླངས་པ།

        གསབ་སྦྱོང་མཇུག་སྒྲིལ་ལ་ཉེ་དུས། དགེ་རྒན་རྣམས་ཀྱིས་ཆེད་དུ་སློབ་མར་ཕྱོགས་བསྡུས་རྒྱུགས་ལེན་བྱ་འགུལ་སྤེལ་ཏེ་བྱ་དགའ་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ། རྟིང་སྐུལ་བྱ་དགའ་བཅས་གནང་། འདི་ལྟ་བུའི་གསབ་སྦྱོང་འཛིན་གྲྭ་སྤེལ་ཏེ་སློབ་མ་རྣམས་ལ་སློབ་སྦྱོང་གི་སྤྲོ་བ་དང་སྤོབས་པ་བསྐྱེད་པར་མ་ཟད། རང་རྐྱ་འཕེར་བའི་བསམ་བློའི་ནུས་ཤུགས་ཀྱང་མཐོར་འདེགས་སུ་བཏང་ནས་སློབ་སྦྱོང་གི་འཚོ་བའི་དཀའ་ངལ་ཐད་གདོང་གཏུགས་ཐུབ་པའི་བློ་སྤོབས་ཀྱང་ངང་ངམ་ཤུགས་ཀྱིས་བསྐྱེད།


འབྲེལ་ཡོད་འོས་སྦྱོར།