logo

བོད་རིགས་སློབ་ཆེན་པས་རྐང་འཁོར་ལ་ཞོན་ཏེ་ཀྲུང་གོའི་ཕྱེད་ཙམ་ལ་བསྐྱོད་རྗེས་ཟི་ལིང་དུ་འབྱོར།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-08 ཀློག་གྲངས།:

བོད་རིགས་སློབ་ཆེན་པས་རྐང་འཁོར་ལ་ཞོན་ཏེ་ཀྲུང་གོའི་ཕྱེད་ཙམ་ལ་བསྐྱོད་རྗེས་ཟི་ལིང་དུ་འབྱོར།

        ཟླ7པའི་ཚེས11ཉིན། ཐཱན་ཅིན་གློག་རྡུལ་ཆ་འཕྲིན་སློབ་གླིང་གི་སློབ་མ་པ་སངས་ཚེ་རིང(བོད་རིགས)དང་མགོན་པོ་ལྷ་བསྟན(སོག་རིགས)གཉིས་རྐང་འཁོར་ལ་ཞོན་ཏེ་དངོས་སུ་ལམ་ལ་ཆས་ཤིང་། དུས་ཡུན་ཉིན26རིང་སྤྱི་ལེ2700ལྷག་ལ་ཧྭ་བྱང་དང་ནུབ་བྱང་སོགས་ས་ཁུལ་མང་ཆེ་བར་བརྒྱུད་རྗེས་བདེ་བླག་ངང་ཟི་ལིང་དུ་འབྱོར།
        ཁོ་གཉིས་ཐོག་མར་ཐཱན་ཅིན་ནས་མགོ་བརྩམས་ཏེ་པེ་ཅིང་དང་། ཧི་པེ། ནང་སོག ཉིན་ཞཱ། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་དང་ས་ཁུལ་སོགས་ལ་བརྒྱུད་ཅིང་། ད་ལྟའི་བར་བོད་རིགས་དང་སོག་རིགས་སློབ་མ་ཐོག་དང་པོར་རྐང་འཁོར་ལ་ཞོན་ཏེ་ཧྭ་བྱང་དང་ནུབ་བྱང་སོགས་ས་ཁུལ་དུ་བསྐྱོད་པ་ཡིན་ལ། ལམ་བར་དུ་རི་ལུང་ཐང་གསུམ་གང་མང་ལ་བརྒྱུད་དེ་ས་གནས་མང་ཚོགས་རྣམས་ཧ་ལས་ཤིང་བསྟོད་པའི་མཐེ་བོང་བསྒྲེངས་ལ། སྨྱན་བྱད་ལས་རིགས་ཀྱིས་ཀྱང་དེའི་ཐད་ཀྱི་གསར་འགྱུར་སྒྲོག་པ་རེད།

        ཁོ་གཉིས་ཀྱིས་བརྒྱུད་ལམ་རིང་མོའི་ས་གནས་ཀྱི་མི་ཆོས་ས་རྒྱུས་དང་། དམངས་སྲོལ། འཚོ་རྣམ་སོགས་རེ་རེ་བཞིན་ཟིན་ཐོར་བཀོད་ཅིང་། ལག་ལེན་གྱི་སྟེང་ནས་ཁོར་སྲུང་འདུ་ཤེས་ཁྱབ་སྤེལ་བྱས། པ་སངས་ཚེ་རིང་གིས“རྐང་འཁོར་ལ་ཞོན་ཏེ་རི་ལུང་ཐང་གསུམ་གང་མང་ལ་བརྒྱུད་དུས་དངོས་གནས་དཀའ་ཁག་མང་པོར་འཕྲད་པ་དང་། སེམས་པ་ཡང་ཁེར་རྐྱང་ལྟ་བུའི་ཚོར་སྣང་འབྱུང་། ཡིན་ཡང་དེའི་མཚུངས་སུ་རང་ཉིད་ཀྱི་ནང་སེམས་དེ་གཅུན་ནུས་པའི་དགེ་མཚན་ཡང་རབ་ཏུ་བྱུང་ཞིང་། འཚོ་བའི་དཀའ་ངལ་ལ་འཐད་རྩོད་སྒོས་ཕྱི་ཡུལ་གྱི་འཚོ་རྣམ་ལ་རོལ་མྱོང་དང་། བློ་སྤོབས་ཆེན་པོས་རང་གི་འདུན་མ་དང་བདེ་སྐྱིད་ཙམ་སྙེག་ཐབས་བྱས་པ་ཡིན”ཞེས་ཟེར། མགོན་པོ་ལྷ་བསྟན་གྱིས་བཤད་རྒྱུར། ང་རང《སྐྱེས་སྟོབས་འབར་བའི་ཚེ་སྲོག》ཅེས་པའི་གླུ་གཞས་འདི་ལ་ཤིན་ཏུ་དགའ་ཞིང་། འདིས་ང་རང་གི་སེམས་ཁམས་དངོས་དེ་མཚོན་པ་ཡིན། ད་ལྟ་མི་ཚང་མས1990ལོའི་རྗེས་སུ་སྐྱེས་པའི་ན་ཆུང་རྣམས་ནི“བློ་རིག་ཞ་བོ”དང“བུམ་པའི་མེ་ཏོག”ཅེས་པར་དཔེ་བཞག་སྟེ་དོན་དམ་དུ་སྐྱེས་སྟོབས་ཞན་ཞིང་དངོས་ཡོད་འཚོ་བར་ཁ་གཏོད་མི་ཐུབ་པའི་ཉམས་ཆུང་མིའི་གྲས་སུ་འཇོག  འདི་ལྟ་བུའི་སྤྱི་ཚོགས་ཁ་དབུགས་གསར་བ་ཞིག་གི་སྣོན་ཤུགས་འོག་དང་ང་རང་ཡང90ལོའི་རྗེས་སུ་སྐྱེས་པའི་གཞོན་སྐྱེས་ཀྱི་གྲས་ཤིག་ཡིན་པའི་ཆ་ནས། དངོས་ཡོད་ལག་ལེན་བརྒྱུད་དེ་རང་ཉིད་ཀྱི་མི་ཚེ་ཉམས་སུ་མྱོང་བ་དང་། རང་རྐྱ་འཕར་བའི་ངང་འོད་སྟོང་འབར་བའི་རང་ཉིད་ཀྱི་མི་ཚེ་བསྐྲུན་དགོས་པའི་འདུ་ཤེས་དང་བློ་སྟོབས་ཆེན་པོ་བཅངས་ཡོད།


འབྲེལ་ཡོད་འོས་སྦྱོར།